འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་གར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཀྲུང་གོ་དང་རྒྱ་གར་དབར་གྱི་འབྲེལ་བའི་
    བགྲོ་གླེང་ཚོགས་འདུ་གཙོ་གཉེར་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་21ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཚེས་18ཉིན་རྒྱ་གར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་རྡི་ལི་གསར་པར་རྒྱ་གར་གྱི་ཀྲུང་གོའི་ཞིབ་འཇུག་ཁང་དང་། རྒྱ་གར་གྱི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། རྒྱ་གར་གྱི་ཕྱི་དོན་གསར་འགོད་པའི་མཐུན་ཚོགས། ཨེ་ཤེ་ཡ་ལྷོ་མའི་ཕྱི་རྒྱལ་གྱི་གསར་འགོད་པའི་མཉམ་སྤྲོ་ཁང་བཅས་དང་མཉམ་ལས་བྱས་ཏེ་ཁ་བྱང་དུ“ཝུའུ་ཧན་རྗེས་མའི་དུས་རབས། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བའི་མདུན་ལམ་དང་མྱུར་ཚད”ཅེས་འཁོད་པའི་བགྲོ་གླེང་ཚོགས་འདུ་གཉེར་ནས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བའི་འབྱུང་འགྱུར་འཕེལ་རྒྱས་མདུན་ལམ་ཐད་དཔྱད་བསྡུར་བྱས་པ་རེད།
           རྒྱ་གར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལུའོ་ཀྲའོ་ཧུའེ་དང་རྒྱ་གར་གྱི་རྒྱལ་ཁབ་ཕྱོགས་སྒྱུར་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་ཁང་ཏེ་འགོ་འཛུགས་མཛད་སྒོར་ཞུགས་པ་དང་འབྲེལ་བརྗོད་དོན་གཙོ་བོའི་གཏམ་བཤད་སྤེལ་བ་རེད། ལུའོ་ཀྲའོ་ཧུའེ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་རྒྱ་གར་གྱི་ཙུང་ལི་མོ་ཏེས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཆིང་ཏའོ་དབུ་ཚོགས་རིང་ཕྱོགས་གཉིས་པོའི་མཇལ་འཛོམས་གནང་བ་དེ་ནི་ཝུའུ་ཧན་དུ་དངོས་གཞི་མིན་པའི་མཇལ་འཛོམས་གནང་རྗེས་ཀྱི་རྒྱུན་མཐུད་ཅིག་རེད། ཝུའུ་ཧན་དུ་དངོས་གཞི་མིན་པའི་མཇལ་འཛོམས་གནང་བ་དེས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་དབར་སྤེལ་རེས་ཀྱི་རྣམ་པ་གསར་པ་བཏོད་པ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལོ་རྒྱུས་ཐོག་གི་དོན་སྙིང་གལ་ཆེན་ལྡན་པའི་ལམ་ཚད་རྡོ་རིང་ཞིག་རེད་ཅེས་བཤད།
           ཁང་ཏེས་རྒྱ་གར་དང་ཀྲུང་གོ་ནི་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་གལ་ཆེན་ཡིན་པ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བས་ས་ཁུལ་འདི་དང་ཐ་ན་འཛམ་གླིང་ལ་ཤུགས་རྐྱེན་གལ་ཆེན་ལྡན་ཡོད། རྒྱ་གར་དང་ཀྲུང་གོའི་མཉམ་ལས་གྲུབ་འབྲས་ལས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་ཐོབ་པ་མ་ཟད། གོ་ལ་ཧྲིལ་པོའི་དམངས་ཚོགས་ལ་ཕན་པ་ཐོབ་སྲིད། ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་དང་དཔལ་འབྱོར་ཉོ་ཚོང་དང་མ་འཇོག་མཉམ་ལས་ཐད་སྐུལ་འདེད་བཏང་སྟེ་མི་ཐབས་རིག་ནུས་དང་ཡུག་ཁུལ་སྦྲེལ་ཐག་སོགས་ཚན་རྩལ་ཁྱབ་ཁོངས་ཐད་གསར་གཏོད་མཉམ་ལས་བྱེད་དགོས་ཀྱི་ཡོད་ཅེས་བཤད།
           རྒྱ་གར་གྱི་ཀྲུང་གོའི་ཞིབ་འཇུག་ཁང་གི་སུའོ་ཀྲང་ཁང་ཏེས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཉེ་དུས་མཇལ་འཛོམས་གནང་བ་དང་གཡུར་ཟའི་གྲུབ་འབྲས་ཐོབ་ནས་རྒྱ་གར་དང་ཀྲུང་གོའི་འབྲེལ་བའི་འབྱུང་འགྱུར་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་དང་མི་སེམས་ལ་སྐུལ་མ་ཐེབས་ཡོད། ཕྱོགས་གཉིས་པོས་ཐུན་མོང་ངོས་འཛིན་ཁག་དོན་འཁྱོལ་དང་། ད་ཡོད་ཀྱི་ལམ་སྲོལ་ནུས་པ་བསྡུ་སྒྲིལ་དང་འདོན་སྤེལ། ཕན་ཚུན་ཡིད་ཆེས་ཟབ་གཏོང་། འགལ་བ་དོ་དམ་ཚོད་འཛིན་བཅས་བྱས་ནས་རྒྱ་གར་དང་ཀྲུང་གོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུའི་འགན་ལེན་བྱེད་དགོས་ཞེས་བཤད།
           ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུའི་དམིགས་ཡུལ་ནི་མཇལ་འཛོམས་དང་དེའི་གྲུབ་འབྲས་ཞིབ་འགྲེལ་བྱེད་པ་དང་འབྲེལ་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བའི་འབྱུང་འགྱུར་འཕེལ་རྒྱས་ལ་ཐབས་འདོན་ཇུས་འགོད་བྱ་རྒྱུ་རེད། བགྲོ་གླེང་ཚོགས་འདུ་དུས་ཡུན་ཉིན་གཅིག་ཡིན་པ་དང་འཐབ་ཇུས་དང་། དཔལ་འབྱོར། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བཅས་ཚོགས་ཆུང་གསུམ་ལ་ཕྱེ་ནས་འཚོགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།