འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོས་རྣམ་གྲངས་ཐོག་མ་ལག་ལེན་བསྟར་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་20ཉིན། 12:52】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།བོད་ལྗོངས་ཀྱིས་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོས་རྣམ་གྲངས་ཐོག་མ་ལག་ལེན་བསྟར་བ།
           མི་དམངས་དྲ་བའི་འཕྲིན། ཚེས་18ཉིན་གྱི་ཆུ་ཚོད་15དང་སྐར་མ་30ཙམ་ལ་ཉིན་གཉིས་འགྲུལ་བཞུད་བྱས་པ་བརྒྱུད། འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་11དང་ཟོག་འདྲེན་རླངས་འཁོར་31རིམ་བཞིན་བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཤང་དགའ་གྲོང་གྲོང་ཚོར་འབྱོར་པ་དང་། དེ་ཐོག་ནས་བོད་ཀྱི་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོས་རྣམ་གྲངས་ཐོག་མ་དངོས་སུ་ལག་ལེན་བསྟར་འགོ་ཚུགས་པ་མཚོན་ཡོད་པ་རེད།
            དེ་ནི་སྤྱི་ལེ་ཆིག་སྟོང་ལྷག་ཙམ་ཟིན་པའི་ལམ་ཐག་རིང་བའི་འགྲུལ་བཞུད་ཅིག་ཡིན་ཞིང་། ཡུལ་གཞན་དུ་གནས་སྤོ་བྱེད་པའི་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་རོང་དམར་ཤང་རྒྱ་གླིང་སྐྱ་གདུང་གྲོང་ཚོ་དང་གཙང་ཆུ་གྲོང་ཚོ་དེ་གཉིས་ལྷ་ས་དང་བར་ཐག་སྤྱི་ལེ་1197དང་། སྤྱི་ལེ་1247སོ་སོར་ཆོད་པ་དང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ཡན་ཟིན་གྱི་ཡོད། སྲིད་འཛིན་གྲོང་ཚོ་དེ་གཉིས་ལ་ཁྱོན་དུད་ཚང་262དང་མི་1102ཡོད་པ་རེད།
           ངོ་སྤྲོད་བྱས་པར་གཞིགས་ན། རོང་དམར་ཤང་ནི་ས་བབ་མཐོ་ཞིང་གྲང་ངར་ཆེ་ལ་གསོ་རླུང་དཀོན་པ་དང་། གནོད་འཚེ་ཡང་ཡང་ཐོན་པ། སྤྱི་པའི་ཞབས་ཞུ་འཕེལ་རྒྱས་ཀྱི་ཆ་རྐྱེན་ཞན་པ། མིའི་རིགས་སྡོད་མལ་ལ་མི་འཚམ་པ། མིའི་ཆ་སྙོམས་ཚེ་ཚད་ལྗོངས་ཡོངས་ཀྱི་ཆ་སྙོམས་ཚེ་ཚད་ལས་དམའ་བ་བཅས་ཀྱི་ཁར། བོད་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁུལ་དུ་གནས་ཡོད་པས་དེ་ནི་རྒྱལ་ཁབ་ཀྱི་གསར་སྤེལ་བྱེད་མི་ཆོག་པའི་ཁུལ་དུ་གཏོགས་ཀྱི་ཡོད་པ་རེད།
           གསར་དུ་གནས་སྤོ་བྱ་ཡུལ་ནི་རྒུ་རུམ་ཤང་དགའ་གྲོང་གྲོང་ཚོ་དང་ལྕགས་རུ་གྲོང་ཚོའི་བར་དུ་གནས་ཤིང་། ས་བབ་མཐོ་ཚད་སྨི་3800ཙམ་ཟིན་པ་དང་། ལྷ་ས་གྲོང་ཁུལ་དང་བར་ཐག་སྤྱི་ལེ་27ལས་མེད་པ། རྒྱལ་ལམ་109དང་འབྲེལ་བ། སྟོད་ལུང་བདེ་ཆེན་ཆུས་བཟོ་ལས་གླིང་དང་བར་ཐག་ཉེ་བ་བཅས་ཡོད། གནས་འདི་གའི་ཁོར་ཡུག་སྡོད་མལ་ལ་འཚམ་པ་དང་འགྲིམ་འགྲུལ་སྟབས་བདེ་ལ་ས་བབ་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད་པ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། དགའ་གྲོང་གྲོང་ཚོའི་གནས་སྤོ་བྱ་ཡུལ་ལས་གྲྭར་ཁྱོན་མ་དངུལ་སྒོར་དུང་ཕྱུར་2.2626བཏང་བ་དང་། འཛུགས་སྐྲུན་གྱི་ནང་དོན་ནང་སྡོད་ཁང་དང་། བུ་བཅོལ་ཁང་། གྲོང་ཚོ་ཨུ་ལྷན་གྱི་ཕྱོགས་བསྡུས་ཐོག་བརྩེགས་ཁང་ཆེན་སོགས་ཀྱི་ཁང་པ་ཆ་ཚང་ཚུད་ཡོད་པ་རེད། ཁྱིམ་ཚང་གི་མི་གྲངས་མང་ཉུང་ལ་གཞིགས་ནས་ཁྱིམ་ཚང་རེར་སྨི་ངོས་གྲུ་80ནས་སྨི་ངོས་གྲུ་180བར་གྱི་ཆེ་ཆུང་མི་འདྲ་བའི་ཁང་པ་བགོ་བཤའ་ཐོབ་རྒྱུ་རེད། ཁང་པ་ནི་མི་རེར་ཆ་སྙོམས་སྒོར་ཁྲི་6གི་ཚད་གཞི་ལྟར་བསྐྲུན་པ་ཞིག་ཡིན་པ་དང་། ཁྱིམ་ཚང་དཀྱུས་མ་མི་རེས་ཁང་པ་བསྐྲུན་པའི་གྲོན་དངུལ་གྱི་10%ལས་འགན་འཁུར་མི་དགོས་པ་སྟེ། མི་རེར་སྒོར་6000ཡིན་པ་དང་། དུད་ཚང་དབུལ་པོ་རིན་མི་དགོས་པར་ཁང་པའི་ནང་སྤོ་ཆོག་གི་ཡོད་པ་རེད།
           གནས་སྤོས་ས་ཚིགས་སུ་བོད་བཟོའི་ཡུལ་མིའི་སྡོད་ཁང་སྟར་པ་ཚར་དུ་དངར་བ་དང་། གྲོང་ཚོ་ཨུ་ལྷན་གྱི་ཐོག་བརྩེགས་ཁང་ཆེན་ཐོག་དར་ཚོན་དང་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དང་། “སྣོད་བཅུད་གནས་སྤོས་བྱས་པ་ལས་ས་བབ་མཐོ་བའི་མང་ཚོགས་ལ་བདེ་སྐྱིད་སྐྲུན། གནས་སྤོས་འབྲོག་པས་སེམས་གཏིང་ནས་གུང་ཁྲན་ཏང་ལ་ཐུགས་རྗེ་ཆེ་ཞུ”དང“ཉི་མ་རྫོང་གི་སློབ་མ་རྒུ་རུམ་ཤང་ལྟེ་བའི་སློབ་ཆུང་དུ་ཡོང་བར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ”སོགས་ཀྱི་བོད་རྒྱ་ཡིག་རིགས་གཉིས་ཀྱི་འཕྲེད་འགེལ་ཡི་གེ་མཐོན་པོར་བཀལ་བ་གསར་འགོད་པས་མཐོང་བྱུང་།
           “མི་རྣམས་གནས་སྤོས་བྱས་རྗེས་ནོར་ལུག་གང་འདྲ་བྱེད་དགོས་མིན”གྱི་གནད་དོན་ཐག་གཅོད་བྱ་ཆེད། རོང་དམར་ཤང་གིས་ཆེད་ལས་མཉམ་ལས་རྩ་འཛུགས་བཙུགས་ཏེ་གནས་སྤོས་བྱས་པའི་མང་ཚོགས་ཀྱི་རྩྭ་ཐང་དང་ནོར་ལུག་སོགས་མ་རྐང་ནང་ཞུགས་སུ་བཅུག་པ་དང་། གཞོན་ནུ་དང་དར་མས་གཅིག་གྱུར་དོ་དམ་དང་གཅིག་གྱུར་གཉེར་སྐྱོང་བྱེད་དུ་བཅུག་སྟེ་ལོ་མཇུག་ཏུ་སླེབས་སྐབས་མང་ཚོགས་ལ་ཁེ་སྤོགས་བགོ་བཤའ་རྒྱག་རྒྱུ་ཡིན་པ་རེད།
            ཤེས་རྟོགས་བྱུང་བར་གཞིགས་ན། རོང་དམར་ཤང་གི་མང་ཚོགས་གནས་སྤོ་བྱས་རྗེས་རྒྱལ་ཁབ་ཀྱི་ས་ཆ་རྒྱ་ཁྱོན་སྤྱི་ཆིང་ཁྲི་467.79བར་རིམ་བཞིན་ཕྱིར་སློག་རྒྱུ་ཡིན་པ་དང་། དེའི་ནང་རྩྭ་ཐང་རྒྱ་ཁྱོན་སྤྱི་ཆིང་ཁྲི་17.82ཡོད་པ་རེད། ས་གནས་འདི་གའི་སྲིད་གཞུང་གིས་སྐྱས་སྤོས་རྩྭ་གསོ་དང་ལྕགས་ར་མེད་པ་བཟོ་རྒྱུ་སོགས་ཀྱི་ལས་དོན་གཏིང་ཟབ་ངང་སྤེལ་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད།
    ༄༅།།བོད་ལྗོངས་ཀྱིས་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོས་རྣམ་གྲངས་ཐོག་མ་ལག་ལེན་བསྟར་བ།
      

    ཕྱོགས་བསྡུས་གསར་འགྱུར།