འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ས་བབ་མཐོ་ཚད་སྨི་5200ཡི་སར་གྲང་ངར་ཆེ་བའི་དཔྱིད་དུས་ཤིག་བསྐྱལ། 

    —— ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་2018ལོའི་ཇོ་མོ་གླང་མའི་རི་འཛེག་གནས་ཚུལ་ཟིན་བྲིས། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་11ཉིན། 11:50】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཟླ་4པའི་ཟླ་མཇུག་ནས་ཟླ་5པའི་ཟླ་དཀྱིལ་བར་ནི་ཧི་མ་ལ་ཡའི་རི་ཁུལ་གྱི་རི་འཛེག་དུས་ཚིགས་རེད། ཤིན་ཧྭ་གསར་འགྱུར་ཁང་བོད་ལྗོངས་ཡན་ལག་ཁང་གིས་ཁག་ཐེངས་གཉིས་ལ་བགོས་ནས་གསར་འགོད་པ་འཛམ་གླིང་གི་རི་བོ་མཐོ་ཤོས་སྨི་8844.43ཡོད་པའི་ཇོ་མོ་གླང་མར་བསྐྱོད་དེ་ས་བབ་མཐོ་ཚད་སྨི་5200ཡོད་པའི་བྱང་རིའི་རི་འཛེག་སྒར་ས་ཆེ་མོར་བཅའ་སྡོད་བྱས་ནས་ལོ་འཁོར་འདིའི་དཔྱིད་དུས་རི་འཛེག་བྱེད་སྒོའི་གནས་ཚུལ་སྤེལ། ང་རང་གསར་འགོད་དཔུང་ཁག་གི་ཁོངས་མིའི་ངོས་ནས་གནས་ཚུལ་འགོད་ཐེངས་གཉིས་ལ་ཞུགས་ཏེ་མཐོ་གྲང་ས་ཁུལ་དུ་དཔྱིད་ཀྱི་མེ་ཏོག་མཐོང་མི་ཐུབ་ཀྱང་ཁ་བའི་འདབ་མ་ལྷབ་ལྷུབ་ཏུ་་འབབ་པའི་དཔྱིད་ཀ་ཞིག་བསྐྱལ་བ་ཡིན།
          གཡོལ་ཐབས་མེད་པའི་ལ་དུག
          རི་ལ་འཛེག་མཁན་ཁག་དང་པོར་མི་བཞི་ཡོད་པ་སྟེ། ང་དང་། བོད་སྐྱོར་གསར་འགོད་པ་གཉིས། ཁ་ལོ་བ་གཅིག་བཅས་རེད། ང་བོད་ལྗོངས་སུ་་ལོ་གཉིས་ཙམ་སྡོད་རིང་ས་བབ་མཐོ་ཚད་སྨི་5300ལྷག་ཙམ་གྱི་འཁྱགས་རོམ་ལ་འཛེག་མྱོང་ཡོད། དེར་བརྟེན་རྡོག་ཐོན་མ་བྱས་གོང་ལས་རོགས་ཚོས་ང་ལ་བོད་སྐྱོར་གཅེན་པོ་གཉིས་ལ་ལྟ་རྟོག་ཡག་པོ་བྱེད་དགོས་པའི་ཁ་ཏ་ཡང་ཡང་བྱས་བྱུང་།
           དངོས་འབྲེལ་བསམ་ཚོད་ལྟར། ས་བབ་མཐོ་ཚད་སྨི་4200ཡོད་པའི་དིང་རི་རྫོང་གྲོང་དུ་སླེབས་རྗེས་ཅང་ཤིས་ཡན་ལག་ཁང་གི་བརྙན་ལམ་གསར་འགོད་པ་ཡུས་ཀང་ལ་གཟུགས་པོ་བདེ་པོ་མེད་པའི་ཚོར་སྣང་བྱུང་བས། གསོ་རླུང་དམ་བི་དེ་ཁོང་གི་གྲོགས་པོ་ཡག་ཤོས་སུ་གྱུར། སྒར་ས་ཆེ་མོར་མཚན་གཅིག་སྡོད་རིང་ཚང་མས་གཉིད་སྐྱིད་པོ་ཞིག་ཁུག་འདོད་བྱས་ཀྱང་། མཚན་གུང་དུ་སླེབས་སྐབས་ཁང་པའི་ནང་ཡུས་ཀང་གིས་གསོ་རླུང་རྔུབ་པའི་སྒྲ་བར་མེད་གྲགས།
          གཟུགས་གཞིས་རྐྱེན་པས་ལས་རོགས་ཚོ་རྒྱུན་གཏན་མ་ཡིན་པའི་བློ་བདེ་བག་ཕེབས་ངང་སྡོད་དུ་བཅུག་པའི་ང་མཚན་མོ་དེར་སྙིང་དྲག་པོ་གཡུག་པའི་ཚོར་སྣང་གིས་གཉིད་སྐྱིད་པོ་ཞིག་ཁུག་མ་བྱུང་། མཚན་མོ་དེ་འཁྱོལ་རྗེས་ཞོགས་པ་སྔ་པོ་ནས་སྤྲིན་སྨུག་གི་ཁྲོད་ནས་ཇོ་མོ་གླང་མ་ག་ལེར་གསལ་བ་དང་ཡུས་ཀང་ཡང་དགའ་ཐག་ཆོད་དེ་གསོ་རླུང་དམ་བི་ཕར་བཞག་ནས་བརྙན་ལོག་འཕྲུལ་ཆས་ཁྱེར་ཏེ་རི་ལྡེབས་ཤིག་ཏུ་འཛེགས་ནས་ཐད་གཏོང་བྱེད་པའི་གྲ་སྒྲིག་བྱས། ཡིན་ནའང་ཁོང་ལྷགས་པ་ཆེན་པོའི་ཁྲོད་སྐར་མ་བཅུ་ལྷག་ཙམ་བསྡད་མཐར་གསོ་རླུང་མ་འདང་བའི་དབང་གིས་ངལ་དུབ་ཀྱིས་མནར། འོན་ཀྱང་ངས་དགའ་སྤྲོ་རབ་ཏུ་འཕེལ་བའི་རྣམ་པའི་ཁྲོད་གནས་ཚུལ་གཏོང་སྤེལ་ལེགས་སྒྲུབ་བྱས་པ་ཡིན།
          དཀའ་སྡུག་ཇི་ཙམ་ཆེ་ན་དེ་ཙམ་གྱིས་བདེ་སྐྱིད་ཆེ།
          གལ་ཏེ་སླར་ཡང་རང་ཉིད་ས་བབ་མཐོ་ཚད་སྨི་ལྔ་སྟོང་ལྷག་ཙམ་གྱི་སར་ཉིན་བཅུ་ནས་ཟླ་ཕྱེད་བར་སྡོད་དུ་བཅུག་ཚེ་ངའི་སེམས་སྨྱོ་བ་ལྟར་འགྱུར་རྒྱུ་ལས་མ་མཆིས།
          སྔར་འཕྲད་མ་མྱོང་བའི་ལ་དུག་ཕོག་པའི་མྱོང་ཚོར་སྟེ། སེམས་འཚབ་ནས་སྐད་ཆའང་མི་ཐོན་པར་བྲང་ཁོག་མནན་ཏེ་སྔ་སྣུར་དུ་བཅར་འདྲི་བྱེད་མཚམས་བཞག་པ་ཕུད། གཡང་གཟར་ལ་ཀྱག་ཀྱོག་གི་ལམ་དང་གྲང་ངར་ཆེ་བའི་གནམ་གཤིས་ཚེ་གང་བརྗེད་པར་དཀའ།
         དིང་རི་རྫོང་ནས་ཇོ་མོ་གླང་མའི་སྒར་ས་ཆེ་མོ་བར་རླངས་འཁོར་ཆུ་ཚོད་གཉིས་ཙམ་འགོར་བ་དང་དེའི་རིང་བར་མཚམས་མེད་པར་ལམ་ཀྱག་ཀྱོག་མང་པོ་བརྒྱུད་དགོས་ཀྱི་ཡོད། ཁ་ལོ་བས་ཕྱོགས་སྟོན་ནས་ཇོ་རིའི་སྒར་ས་ཐེངས་དང་པོ་མཐོང་སྐབས“མི་དེ་གར་སྡོད་དགོས་དོན་གང་ཡིན་ནམ”ཞེས་ཧང་སངས་ནས་བཤད།
          ང་དགོང་ལྟར་གཉིད་ཁུག་སྐབས་ལུས་ལ་བྱ་སྤུའི་སྟོད་གོས་གཅིག་གྱོན་རྐང་པར་བྱ་སྤུའི་སྟོད་གོས་གཅིག་དཀྲིས། མགོ་རས་ཀྱིས་ངོ་གདོང་བཀབ། མགོ་ལ་ཨུ་སུའི་ཞྭ་མོ་གྱོན། འགྱིག་དམ་གཅིག་ཏུ་ཆུ་ཚ་པོ་བླུགས་ཏེ་རྐང་འགྲམ་དུ་བཞག་རྗེས་གཞི་ནས་མལ་ཆས་ནང་འཛུལ་གྱི་ཡོད།
           ཡིན་ནའང་དཀའ་ངལ་ཇི་ཙམ་གྱིས་ཆེ་བ་འཕྲད་ཚེ་བདེ་སྐྱིད་ཚོར་སེམས་ཀྱང་དེ་བས་ཐུན་མོང་མ་ཡིན་པ་ཞིག་ཡོང་སྲིད།
            ཞོགས་པ་སྦྲ་གུར་ནས་ཐོན་སྐབས་གངས་དཀར་དང་མཚམས་སྤྲིན་དམར་པོས་ཁྱེད་ལ་བསུ་བ་ཞུ་བ་དང་དགོང་དྲོ་ལ་ཁའི་ཉི་ཟེར་གྱིས་སྐྱེལ་མ་བྱེད་ལ། ས་སྲོད་དུ་གངས་རིའི་འདབས་ནས་གྲགས་པའི་འབྲི་གཡག་གི་དྲིལ་བུའི་སྒྲ། ངོ་གདོང་ལྷགས་རླུང་གི་གཙེས་ཀྱང་ཁྲ་ཆིལ་ཆིལ་གྱི་སྐར་ཚོགས་མིག་ལམ་དུ་འཆར་བ་བཅས་ལས་སྐབས་རེ་རང་ཉིད་ཀྱི་བསམ་པར་བོད་ལྗོངས་མཐོང་བ་ཙམ་གྱིས་ཡུལ་གཞན་དུ་དེ་ལས་ལྷག་པའི་མཛེས་ལྗོངས་ཡོད་དམ་སྙམ་པའི་དོགས་པའང་ཟ་གི་འདུག
          ངེས་པར་དུ་ས་བབ་མཐོ་ཚད་སྨི་ལྔ་སྟོང་ལྷག་ཙམ་གྱི་སར་འཛེག་དོན་གང་ཡིན།
           འོ་ན་གསར་འགྱུར་འགོད་ཕྱོགས་ནས་བཤད་ན། ཉེན་ཁ་ཆེན་པོ་འདི་ལྟ་བུ་འཕྲད་སྐབས་ས་བབ་མཐོ་ཚད་སྨི་ལྔ་སྟོང་ལྷག་ཙམ་ཡོད་པའི་སར་སྐྱོད་རིན་ཡོད་དམ། རྒྱབ་ཕྱོགས་སུ་བསྡད་དེ་ཁ་པར་བརྒྱབ་ནས་པར་རིས་སྐུར་རོགས་ཞེས་ཞུས་ཏེ་གསར་འགྱུར་བཀོད་ན་མི་འགྲིག་གམ།
            དོན་དངོས་ཐོག་བོད་ལྗོངས་ཡན་ལག་ཁང་གི་རི་འཛེག་གནས་ཚུལ་འགོད་མཁན་ལུས་རྩལ་གསར་འགོད་པ་མི་རབས་རྒན་གྲས་ཀྱི་འབད་བརྩོན་འོག་ཚད་བརྒལ་དཀའ་བའི་ལས་རིགས་ཀྱི་ཚད་ཤིང་བཙུགས་ཡོད། དེས་རྗེས་རབས་པར་་སྤོབས་སེམས་ཆེན་པོ་སྐྱེས་པ་མ་ཟད་ང་ཚོས་ད་དུང་གང་ཞིག་བྱེད་ཐུབ་བམ་སྙམ་པའི་དངངས་འཚབ་ཀྱང་ཆེན་པོ་སྐྱེ་གི་འདུག
           ས་གནས་ས་ཐོག་ཏུ་བསྐྱོད་རྒྱུ་དེ་དུས་རབས་ཀྱིས་གསར་འགོད་པར་བཏོན་པའི་གཞི་རྩའི་བླང་བྱ་རེད། མ་གཞི་ས་བབ་མཐོ་སར་རི་འཛེག་སྐབས་གནས་ཚུལ་དམིགས་བསལ་གྱི་དབང་གིས་ང་ཚོས་ལམ་བར་རྗེས་སྙེག་བྱེད་ཐབས་མེད་མོད། འོན་ཀྱང་ས་གནས་ས་ཐོག་དང་གང་ཐུབ་ཅི་ཐུབ་ཀྱིས་ཉེ་བར་བཅར་རྒྱུ་དེ་གསར་འགོད་པས་ནམ་ཡང་དོན་གཉེར་བྱེད་ས་ཞིག་རེད། དེས་མ་ཚད་དེ་ནི་སྤྱི་ཚོགས་ཀྱི་འབྲེལ་བའི་སྨྱན་སྦྱོར་དང་གསར་འགྱུར་མཐོང་རུང་ཅན་གྱི་དུས་རབས་ཤིག་ཡིན་པས་རེད།
           ང་ཚོས་ད་དུང་སྤྱི་ཁྱབ་གསར་འགྱུར་ཁང་ལུས་རྩལ་པུའི་མཛུབ་ཁྲིད་འོག་སྒར་ས་འཚོལ་ཞིབ་ཀྱི་བརྙན་ཐུང་མང་པོ་ཞིག་ཕམ་པ་དང་འབྲེལ་རི་རྩེའི་རྩ་ཆེའི་བརྙན་ལམ་དང་པར་རིས་མང་པོ་ཞིག་ཀྱང་བསྐུར་བ་ཡིན། ལྷག་པར་དུ་པེ་ཅིང་སློབ་ཆེན་རི་འཛེག་རུ་ཁག་རི་རྩེར་འཛེགས་ནས་སྒར་སར་ལོག་རྗེས་ང་ལ་འཕྲལ་མ་ཉིད་དུ་རི་རྩེའི་བརྙན་ལམ་རག་པ་དེའང་ཤིན་ཧྭ་གསར་འགྱུར་ཁང་གིས་སྨྱན་སྦྱོར་གསར་པའི་ལས་སྟེགས་སུ་འཛམ་གླིང་ཡང་རྩེའི་བརྙན་ལམ་པར་རིས་སྐུར་ཐེངས་དང་པོ་དེ་རེད། གལ་ཏེ་ཉིན་མང་པོའི་རིང་ས་གནས་ས་ཐོག་ཏུ་བསྡད་མེད་པ་དང་རི་འཛེག་རུ་ཁག་དང་ཡུན་རིང་འབྲེལ་གཏུག་བྱས་མེད་ཚེ་དེ་ནི་སྒྲུབ་ཐབས་མེད་པ་ཞིག་རེད། རང་ཉིད་ཀྱི་མྱོང་བ་དངོས་ལས་ས་བབ་མཐོ་བའི་ཁུལ་དུ་ཉེན་ཁ་ཆེན་པོར་མི་འཛེམ་པར་བརྙན་ལམ་དང་པར་རིས་པར་ལེན་མཁན་ཚོར་སྙིང་དབུས་ནས་གུས་སེམས་ཆེན་པོ་སྐྱེ་གི་འདུག
            གསར་འགྱུར་ལ་ས་གནས་ས་ཐོག་གི་མྱོང་ཚོར་དེ་བས་སྦྱིན་ཐུབ་པ་ཕུད། ཇོ་མོ་གླང་མའི་སྒར་ས་ཆེན་པོ་དེའང་རི་འཛེག་དུས་ཚིགས་ཀྱི་གནས་ཚུལ་ཚང་མའི་ཕྱོགས་སྡོམ་ཁུལ་ཡིན་པས་གསར་འགོད་པས་དེ་གར་འཕྲལ་མ་ཉིད་དུ་ཆ་འཕྲིན་གཙོ་བོ་ཁོང་དུ་ཆུད་པའི་འགག་རྩའི་མི་སྣ་དང་འབྲེལ་གཏུག་བྱེད་ཐུབ་པ་མ་ཟད་རི་འཛེག་བྱེད་སྒོར་ཐད་ཀར་མྱོང་ཚོར་ཟབ་མོ་ཡོང་ཐུབ། ཇོ་མོ་གླང་མའི་རི་འཛེག་ལམ་བུ་བཟོ་བ་དང་ཤི་ཤ་སྦང་མའི་རི་འཛེག་གནས་ཚུལ་གསར་ཤོས་ཚང་མ་ངས་སྒར་ས་ཆེ་མོར་རི་འཛེག་དོ་དམ་སྡེ་ཚན་གྱི་མི་སྣ་དང་ཁ་བརྡར་གློད་སྐབས་ཤེས་བྱུང་། རི་འཛེག་གནས་ཚུལ་གསར་ཤོས་སྤེལ་བ་དང་ནང་དོན་ཞིབ་ཚགས་ལ་བདེན་པ་བདེན་ཐུབ་ཡིན་པ་དེའང་ངས་སྒར་ས་ཆེ་མོའི་ཁ་པར་གམ་དུ་མཚན་གང་བསྡད་པ་ལས་བྱུང་བ་ཞིག་རེད། དགོད་བྲོ་བའི་མི་སྣའི་གཏམ་རྒྱུད་ཁ་ཤས་ཀྱང་སྒར་ས་ཆེ་མོར་སྟབས་བསྟུན་བཅར་འདྲི་ཞུས་པ་ལས་བྱུང་བ་ཞིག་དེ་བས་རེད།
           ཇོ་མོ་གླང་མ་དང་ཤི་ཤ་སྦང་མའི་རི་འཛེག་དུས་ཚིགས་སུ་གྲང་ངར་ཆེ་ལ་གསོ་རླུང་མ་འདང་བའི་གནས་ཚུལ་འོག་ངས་ཉིན་ལྟར་ཉི་མ་ཤར་མ་ཐག་ལས་ཀ་བྱེད་འགོ་འཛུགས་པ་དང་ཉི་མ་བཞུད་རྗེས་ལས་ཐག་གཅོད་ཀྱི་ཡོད། དེ་ལྟར་ཡིན་རུང་ངས་སྔར་བཞིན་རང་ཉིད་ཀྱིས་བརྒྱུད་མྱོང་བའི་ལོ་རྒྱུས་ལ་སེམས་འགུལ་ཆེན་པོ་ཐེབས་ཀྱི་འདུག་ལ། རང་ཉིད་དང་དཔུང་པ་མཉམ་གཤིབ་ཀྱིས་ལས་ཀ་བྱེད་མྱོང་བའི་རོགས་ཟླ་ཚོར་ཡང་སེམས་འགུལ་ཐེབས་ཀྱི་འདུག ངས་རི་གཤམ་ནས་བརྗིད་ཆགས་ཉམས་དང་ལྡན་པའི་རི་ཟུར་ལས་མ་མཐོང་མོད། རི་འཛེག་པ་ཚང་མ་དང་འདྲ་བར་ངས་གངས་རི་དེར་དད་སེམས་ཆེན་པོ་འཆང་བཞིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།