འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཆོས་སྒྲོན་གྱིས་ཁྱིམ་ལ་ལོག་ནས་ལོ་གསར་གཏོང་བ་ནི་བདེ་སྐྱིད་ཅིག་རེད་ཅེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་14ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ནང་མི་མཉམ་འཛོམས་བྱུང་ན་དྲོ་སྐྱིད་ལྡན་པ་དང་། ཁྱིམ་ལ་ལོག་ནས་ལོ་གསར་གཏོང་བ་ནི་བདེ་སྐྱིད་ཅིག་རེད། ཕྱིར་འབད་འཐབ་བྱེད་བཞིན་པའི་ཁྱེད་ཉིད་ཁྱིམ་དང་ཐག་ཇི་ཙམ་རིང་ཡང་ཁྱིམ་ལ་ལོག་རྒྱུ་ནི་ཁྱེད་ཀྱི་དུས་ཆེན་ཞིག་ཡིན་པ་དང་དེ་ནི་ནང་མིར་སྤྲོད་པའི་ལག་རྟགས་ཡག་ཤོས་ཤིག་རེད།
         དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པའི་སྐབས་སུ་བོད་ལྗོངས་མཁའ་འགྲུལ་གྱི་དུས་གཏན་གནམ་གྲུ་ཞིག་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དུ་དལ་བུར་བབས་པ་དང་། གནམ་གྲུ་དེ་ནི་ཆབ་མདོ་སྤང་མདའ་གནམ་ཐང་ནས་འཕུར་ཡོང་བ་ཞིག་རེད།
         ཆོས་སྒྲོན་གྱིས་གནམ་གྲུའི་སྒེའུ་ཁུང་ནས་ཕྱིར་ལྟ་སྐབས་ཕྱིའི་ཁང་པ་མིག་མདུན་དུ་འཆར་བས་སེམས་པ་དགའ་བས་རབ་ཏུ་གཡོས་ཤིང་། གང་ལགས་ཤེ་ན། དེ་ནི་ཁོང་ལས་ཀར་ཞུགས་ནས་ལོ་བཞི་ཙམ་སོང་རིང་ཕ་ཡུལ་དུ་ལོ་གསར་གཏོང་བར་ལོག་ཐེངས་གཉིས་པ་དེ་རེད།
         ཆོས་སྒྲོན་ནི་ལྷ་ས་བ་ཡིན་པ་དང་། 2014ལོར་ཁོ་མོ་རང་སྐྱོང་ལྗོངས་ཀྱི་གཞུང་ལས་པའི་ཡིག་རྒྱུགས་བཏང་ནས་ཆབ་མདོར་ཚུད་རྗེས་ཤང་གྲོང་གཞུང་ལས་པ་ཞིག་ཏུ་གྱུར།
         ཁྱིམ་གྱི་བུ་གཅིག་མའི་ངོས་ནས་ཕ་མ་གཉིས་པོ་ཆོས་སྒྲོན་ལས་ཀར་ཚུད་པར་དགའ་པོ་བྱུང་བ་དང་ཆབས་ཅིག་སེམས་ཁྲལ་ཡང་བྱུང་ཞིང་། གཏན་འཇགས་ཀྱི་ལས་ཀ་ཞིག་ཡོད་པ་ནི་ཡག་པོ་རེད། འོན་ཀྱང་བུ་མོ་གཅིག་པུ་ས་ཆ་གཞན་དུ་ཡོད་པས་ལས་ཀ་འཚམ་པོ་ཡོད་མེད་དང་འཚོ་བར་གོམས་གཤིས་འཇགས་མིན་སོགས་ལ་སེམས་ཁྲལ་སྐྱེས། དོན་དངོས་ཐོག་ཁོར་ཡུག་གསར་པ་ཞིག་ཏུ་འགོ་ཁྲིད་དང་ལས་རོགས་ཚོས་ཆོས་སྒྲོན་ལ་ལྟ་རྟོག་ཚད་མེད་བྱེད་པ་དང་ཚང་མ་ཁྱིམ་ཚང་གཅིག་ལྟར་རེད།
         གློ་བུར་དུ་ཁ་པར་གྱི་སྒྲ་གྲགས་པས་ཆོས་སྒྲོན་དྲན་པའི་ཀློང་ནས་རབ་ཏུ་སད་ཅིང་། དེ་ནི་ཨ་མས་བརྒྱབ་པའི་ཁ་པར་རེད། “བུ་མོ། ལྷ་སར་སླེབས་སོང་ངམ། ང་དང་པ་ཕ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་སྒོ་འགྲམ་དུ་སླེབས་ཡོད”ཁ་པར་ཉན་སྐབས་ཨ་མའི་བྲེལ་འཚུབ་ཆེ་བའི་སྐད་སྒྲ་ཞིག་ཐོས།
         “ཨ་མ་ལགས། ང་གོང་དཀར་གནམ་ཐང་དུ་སླེབས་ཡོད། ཁྱེད་དང་པཱ་ལགས་ཀྱིས་ཁྱིམ་དུ་སྒུག་བསྡད་ན་འགྲིག ང་ད་དུང་ཆུ་ཚོད་གཅིག་ལྷག་ཙམ་རྗེས་གཞི་ནས་ལྷ་སར་སླེབས་པ་འདུག”ཅེས་ཆོས་སྒྲོན་གྱིས་ཕ་མ་གཉིས་ཕྱི་རུ་འཁྱག་དོགས་ཀྱི་སེམས་ཁྲལ་སྐྱེས།
         “འོ་ཡ། བུ་མོ། ཁྱེད་ཉིད་ལམ་བར་དུ་བདེ་འཇགས་ལ་ཡིད་གཟབ་བྱོས་ལ”ཞེས་ཨ་མས་གད་མོ་དགོད་བཞིན་དུ་མངག་བྱ་ཚིག་འགའ་བྱས་རྗེས་ཁ་པར་རྒྱག་མཚམས་བཞག
         ཁ་པར་ཁ་བཀག་པ་དང་ཆོས་སྒྲོན་གྱིས་རང་ཉིད་ཀྱི་སྐད་ཆ་ཐལ་དྲགས་སོང་བསམས་ནས་གནོང་འགྱོད་སྐྱེས།
         ན་ནིང་བུ་མོ་གྲོང་ཚོར་བཅའ་སྡོད་བྱས་པའི་རྐྱེན་གྱིས་ལོ་གསར་རིང་ཁྱིམ་ལ་ལོག་ཐུབ་མེད། འདི་ལོ་བུ་མོ་ཁྱིམ་ལ་ལོ་གསར་གཏོང་བར་ཡོང་རྒྱུ་ཡིན་པ་ཤེས་རྗེས་ཆོས་སྒྲོན་གྱི་ཕ་མ་གཉིས་པོས་བུ་མོ་ནང་ལ་ལོག་པར་ད་དུང་ཉིན་ག་ཚོད་ཡོད་པ་རྩིས་ཡང་ཡང་བརྒྱབ། ཁོང་གཉིས་པོས་རང་ཉིད་སློབ་གྲྭར་སྐྱོད་སྐབས་དགུན་ཁའི་གུང་གསེང་ལ་རེ་སྒུག་བྱེད་པ་བཞིན་ནང་མི་ཚང་མ་ལོ་གསར་རིང་མཉམ་འཛོམས་ཡོང་བར་རེ་སྒུག་བྱེད་བཞིན་ཡོད།
         དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་ཕྱོགས་སུ་སྐྱོད་མཁན་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་མཐའ་ཚུགས་སུ་སླེབས་པ་དང་། ཆོས་སྒྲོན་གྱིས་ལག་སྒམ་འབྲད་དེ་སྤྲོ་སྣང་ལྡན་པའི་བྱེའུ་ཆུང་ཞིག་དང་འདྲ་བར་སྒོ་འགྲམ་དུ་ཁོ་མོ་སྒུག་བསྡད་པའི་ཕ་མ་གཉིས་ཀྱི་ཕྱོགས་སུ་བསྐྱོད།
         ཕ་མ་གཉིས་མཐོང་སྐབས་ཆོས་སྒྲོན་གྱི་མིག་ནང་མིག་ཆུས་ཁེངས་པ་དང་། ཨ་མར་དམ་པོར་འཁྱུད་སྐབས་དེ་སྔ་རྒྱུས་མངའ་ཆེ་བའི་མར་གྱི་དྲི་ཞིམ་ཞིག་འཐུལ་འོང་། འགྲམ་དུ་ལངས་བསྡད་པའི་པ་ཕ་དེ་སྔ་ཐང་ཤ་དོད་པོ་ཞིག་ཡོད་པ་དེའང་སྟོད་སྒུར་ཙམ་ཆགས་ཡོད་པ་དང་། སྐབས་དེར་ནང་མི་ཚང་མར་སྐད་ཆ་མང་པོ་ཞིག་ཤོད་རྒྱུ་མེད་ཀྱང་། མཐའ་འཁོར་གྱི་འཛེར་སྒྲས་སྐབས་དེའི་ལྷིང་འཇགས་ཀྱི་རྣམ་པ་དེ་མ་ཉིད་དུ་འཁྲུག་ཆ་དོད་དུ་ཕྱིན།
      

    ཕྱོགས་བསྡུས་གསར་འགྱུར།