འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་དུས་ཆེན་གཉིས་འཆར་ཉེའི་མཚམས་སུ་བོད་ཆས་བྲིན་ཁ་རྒྱུག་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་14ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། 2018ལོའི་བོད་ས་ཁྱི་ལོའི་ལོ་གསར་དང་དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་སུ་བོད་ཆས་བྲིན་ཁ་ཧ་ཅང་རྒྱུག་པོ་ཡོད། ཉེ་ཆར་གསར་འགོད་པ་ལྷ་སའི་ཁྲོམ་གཞུང་དུ་བཅར་འདྲིར་སྐྱོད་སྐབས། བོད་རིགས་ས་ཁུལ་གྱི་མི་རྣམས་འཚང་ཁ་ཤིག་ཤིག་ངང་བོད་ཆས་ཉོ་བ་མ་ཟད། ཡུལ་སྐོར་བ་མང་པོ་ཞིག་ཀྱང་བོད་ཆས་ཉོ་བར་དགའ་པོ་བྱེད་པ་མཐོང་བྱུང་།
          “ལོ་གསར་སླེབས་གྲབས་ཡོད་པས། ཕྲུ་གུར་གྱོན་ཆས་གསར་པ་ཉོ་དགོས་བསམས་བྱུང་། ད་ཆ་བོད་ཆས་ཀྱི་རས་ཆ་དང་ཚོན་མདོག་ཧ་ཅང་མང་པོ་འདུག་པས། མཚམས་རེ་འདེམས་སྟངས་ཀྱང་ཤེས་ཀྱི་མི་འདུག”ཅེས་ལྷ་སའི་གྲོང་མི་ཚེ་རིང་དང་ཁོང་གི་བཟའ་ཟླས་888བོད་ཆས་ཚོང་ཁང་ནས་ཚ་མོར་བོད་ཆས་ཉོ་སྐབས་དེ་ལྟར་བཤད་བྱུང་།
          ཚོང་ཁང་དེ་ནི་ལྷ་ས་ཧྲིན་ལི་དུས་རབས་ཐང་ཆེན་དུ་གནས་ཤིང་། ཚོང་ཁང་གི་ལས་མི་མཚོ་མོས་བོད་ཆས་ཉོ་མཁན་ལ་བོད་ཆས་ཀྱི་རྒྱུ་ཆ་དང་བཟོ་ལྟ་ངོ་སྤྲོད་བྱེད་བཞིན་འདུག ཁོང་གིས“ང་ཚོས་གྱོན་ན་ལུས་ལ་བདེ་བ་དང་སྤུས་ཀ་ལེགས་པའི་རྒྱུ་ཆ་མང་པོ་ནང་ས་ནས་ནང་འདྲེན་བྱས་ཡོད། གོས་ཆེན་དང་ལུའེ་སེའི་བོད་ཆས་ལ་བུ་མོ་ལོ་ཆུང་ཆུང་ཚོས་དགའ་པོ་བྱེད་ཀྱི་འདུག”ཅེས་བཤད།
         ཁོང་གིས“ལོ་རེའི་བོད་ཀྱི་ལོ་གསར་གོང་གི་ཟླ་གཅིག་ཡས་མས་ལ་བོད་ཆས་བྲིན་ཁ་ཧ་ཅང་རྒྱུག་པོ་འདུག བོད་ཀྱི་ས་ཆ་གཞན་དག་གི་མི་རྣམས་ཀྱིས་ཀྱང་ལྷ་སར་བོད་ཆས་ཉོ་བར་ཡོང་གི་ཡོད། ང་ཚོའི་ཚོང་ཁང་དུ་ལྷ་སའི་བོད་ཆས་ཕུད་ད་དུང་ཁམས་ཁུལ་དང་ཉིང་ཁྲི་སོགས་ཀྱི་བོད་ཆས་ཀྱང་འཚོང་གི་ཡོད”ཅེས་བཤད་བྱུང་།
         ལྷ་སའི་བར་སྐོར་ཁྲོམ་གཞུང་དུ་ཀོང་ཏུང་གི་སློབ་ཆེན་སློབ་མ་འགའ་ཤས་མཉམ་དུ་བོད་ཆས་ཚོང་ཁང་སྐོར་བཞིན་འདུག ཁོང་ཚོའི་ཁྲོད་ཀྱི་བུ་མོ་ཞིག་གིས“འདི་ལོའི་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་ཏག་ཏག་ཉིན་གཅིག་ལ་འཁེལ་བ་གོ་ཐོས་བྱུང་བས། ཆེད་མངགས་ལོ་གསར་ཇི་ལྟར་གཏོང་གི་ཡོད་མེད་ལྟ་བར་ཡོང་བ་ཡིན། ལྷ་སར་སླེབས་ནས་བོད་ཆས་མཐོང་དུས་ཧ་ཅང་མཚར་པོ་འདུག་པས། ང་ཚོ་ཚང་མ་ཉོ་འདོད་སྐྱེས་བྱུང་། ལོ་གསར་སྐབས་བོད་ཆས་གྱོན་ན་ལོ་གསར་པའི་དབྱིངས་ཆེན་པོ་འདུག”ཅེས་བཤད།
         གསར་འགོད་པས་བོད་ཆས་ཚོང་ཁང་ཞིག་ནས་ལོ་17ལ་སླེབས་པའི་དབྱངས་ཅན་གྱིས་གོས་ཆེན་དམར་པོར་ཚེ་བསོད་ནམས་འཕེལ་བའི་རི་མོས་བརྒྱན་པའི་ཕྱུ་པའི་འོག་ཏུ་བརླ་སྦྱར་གོས་ཐུང་ཞིག་དང་འཇུར་རྟ་ཡུ་རིང་རྩེ་ཅན་ཞིག་གྱོན་འདུག་པས། བལྟས་པ་ཙམ་གྱིས་ལང་ཚོའི་སྒེག་ཉམས་ཤིག་ངང་གིས་མངོན་ཡོང་བ་མཐོང་བྱུང་།
         ཇུས་བཀོད་པ་ཞིག་གིས་དེང་རབས་གྱོན་ཆས་ཀྱི་ཇུས་བཀོད་འདུ་ཤེས་རིམ་བཞིན་བོད་ཆས་ཀྱི་ཇུས་བཀོད་དང་མཉམ་འདྲེས་བྱུང་ནས། བོད་ཆས་གསར་པར་སྲོལ་རྒྱུན་གྱི་ཉམས་འགྱུར་ལྡན་པ་མ་ཟད། ད་དུང་དར་བཟོའི་ཉམས་ཀྱང་ཤུགས་ཆེན་ལྡན་ཡོད། བོད་ཆས་གསར་པ་བཟོ་སྐབས་དེང་རབས་བུད་མེད་ཀྱི་དགོས་མཁོར་གཞིགས་ཏེ་སྐེད་པ་ཕྲ་རུ་གཏོང་དགོས་པ་མ་ཟད། བཟོ་ལྟ་དང་ཚོན་མདོག་ཐད་གཟུགས་བྱད་དང་མཛེས་དཔྱོད་ཀྱི་ཉམས་སྣང་དེ་བས་མངོན་པ་བྱེད་དགོས་ཞེས་ངོ་སྤྲོད་བྱས་བྱུང་།
         བོད་ཆས་ཚོང་ཁང་དངོས་ཕུད། ད་དུང་ཅིང་ཏུང་དང་སུའུ་ཉིང་སོགས་དྲ་ཐོག་ཚོང་དོན་ལས་སྟེགས་ལྷ་སར་བཙུགས་པས། དྲ་ཐོག་ནས་བོད་ཆས་མངགས་བཟོ་དང་མངགས་ཉོ་བྱེད་པའང་མི་ཁག་གཅིག་གི་བོད་ཆས་ཉོ་སྟངས་གསར་པ་ཞིག་ལ་གྱུར་འདུག
      

    ཕྱོགས་བསྡུས་གསར་འགྱུར།