འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་འཛམ་གླིང་ཐོག་དམངས་ཡོངས་ཀྱི་གཞི་རྩའི་སྨན་བཅོས་འགན་ལེན་གྱི་དྲ་བ་
    ཆེ་ཤོས་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་14ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྒྱལ་སྲིད་སྤྱི་ཁྱབ་ཁང་སྨན་བཅོས་ལམ་ལུགས་སྒྱུར་བཅོས་གཞུང་ལས་ཁང་གི་ཀྲུའུ་རེན་ཝང་ཧོ་ཧྲེང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྨན་བཅོས་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་དང་སྨན་བཅོས་ཞབས་ཞུ་ལེགས་སུ་གཏོང་བའི་ཐད་འཕེལ་རིམ་མངོན་གསལ་དོད་ལ་མང་ཚོགས་ཀྱི་ཐོབ་ཚོར་བརྟན་པོའི་ངང་ཆེ་རུ་སོང་ཡོད་ཅེས་བཤད། 
         སྨན་བཅོས་འགན་ལེན་དྲ་བ་བརྟན་པོ་བཙུགས་ཏེ་མང་ཚོགས་ཀྱི་སྨན་པ་བསྟེན་པའི་ཁུར་པོ་ཡང་དུ་ཧུར་ཐག་བཏང་བ།
        ཝང་ཧོ་ཧྲེང་གིས་ངོ་སྤྲོད་བྱས་དོན། རང་རྒྱལ་གྱིས་དུས་ཐུང་ནང་འཛམ་གླིང་ཐོག་གི་དམངས་ཡོངས་ཀྱི་གཞི་རྩའི་སྨན་བཅོས་འགན་ལེན་དྲ་བ་ཆེ་ཤོས་བཙུགས་ཏེ་འགན་ལེན་ནང་ཞུགས་མཁན་མི་གྲངས་དུང་ཕྱུར་13.5ལྷག་ཙམ་ཟིན་ནས་འགན་ལེན་ནང་ཞུགས་ཚད་95%ཡན་གཏན་འཇགས་ཐུབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་ལེན་གྱི་མི་རེའི་ནོར་སྲིད་ཁ་གསབ་ཚད་གཞི་2008ལོའི་སྒོར་80ནས་2017ལོའི་སྒོར་450བར་མཐོ་རུ་བཏང་ཞིང་། 2017ལོའི་སྨན་བཅོས་འགན་ལེན་སྨན་རྫས་དཀར་ཆག་ནང་སྨན་རྫས་375གསར་དུ་ཁ་སྣོན་བྱས་པ་དང་འཕར་ཚད་17%ཟིན་པའི་ནང་རྒྱལ་ཁབ་ཀྱིས་གྲོས་མོལ་བྱས་པའི་སྨན་རྫས་རིགས་39ཚུད་ཡོད་པ་རེད། 
        གཞི་རྩའི་སྨན་བཅོས་འགན་ལེན་གྱི་ཡུལ་གཞན་དུ་སྨན་བཅོས་འགྲོ་གྲོན་ཐད་ཀར་རྩིས་ཞུ་བྱ་རྒྱུར་བརྟན་པོའི་ངང་སྐུལ་འདེད་བཏང་བས་མང་ཚོགས་ནད་བསྟེན་སྐབས་གང་སར་འགྲོ་མི་དགོས་པ་དང་དངུལ་མང་པོ་གཏོང་དགོས་ཀྱི་མེད། མིག་སྔར་རྒྱལ་ཁབ་ཀྱི་ཡུལ་གཞན་དུ་སྨན་བཅོས་འགྲོ་གྲོན་རྩིས་ཞུའི་ཆ་འཕྲིན་མ་ལག་དང་ཡུལ་གཞན་དུ་སྨན་བཅོས་མ་དངུལ་རྩིས་ཞུའི་ལམ་སྲོལ་བཟོས་ཟིན་ནས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་ཚང་མར་རྒྱལ་ཡོངས་ཀྱི་ཡུལ་གཞན་དུ་སྨན་བཅོས་འགྲོ་གྲོན་ཐད་ཀར་རྩིས་ཞུའི་མ་ལག་འབྲེལ་མཐུད་བྱས་ནས་རྒྱལ་ཡོངས་དྲ་སྦྲེལ་མངོན་འགྱུར་ཐུབ་ཡོད་པ་རེད། 
         ནད་གཞི་ཆེན་པོ་དང་ནད་ཚབས་ཆེན་གྱི་སྨན་བཅོས་རོགས་སྐྱོབ་བྱ་ཡུལ་གྱི་ཁྱབ་ཁོངས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་ནས་གྲོང་གསེབ་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་དང་། ཡོང་འབབ་དམའ་བའི་རོགས་སྐྱོབ་བྱ་ཡུལ། ནད་གཞིས་རྐྱེན་པས་དབུལ་པོར་གྱུར་པའི་ཁྱིམ་ཚང་གི་ནད་གཞི་ལྕི་པོ་ཕོག་པའི་མི་སྣ་བཅས་བར་རྒྱ་སྐྱེད་བྱས་ཡོད། 2013ལོར་ནད་ཡམས་འཕྲལ་སྡོམ་རོགས་སྐྱོབ་ལམ་ལུགས་བཟོས་པ་དང་། རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་70ཙམ་ལ་རོགས་སྐྱོབ་བྱས་ཡོད་པ་རེད། 
         བདེ་ཐང་དབུལ་སྐྱོར་འདུ་འགོད་ལག་ལེན་བསྟར་ཞིང་། ནད་ཆེན་འགན་བཅོལ་གྱི་ཚད་གཞི་དམའ་ཤོས་50%དམའ་རུ་བཏང་བ་དང་འགན་བཅོལ་ཚད་གཞི་མཐོ་ཤོས་མཐོ་རུ་བཏང་སྟེ་བདེ་ཐང་དབུལ་སྐྱོར་ཁ་གསབ་འགན་ལེན་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་བཏང་བས་མི་འབོར་དབུལ་པོའི་སྨན་བཅོས་འགྲོ་གྲོན་ཁྲོད་མི་སྒེར་གྱིས་སྤྲོད་པའི་བསྡུར་ཚད་2016ལོའི་43%ནས་2017ལོའི་19%བར་ཆག་ཡོད་པ་རེད། 
         སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཤམ་སྤེལ་ལ་སྐུལ་འདེད་བཏང་ནས་གཞི་རིམ་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་བཏང་བ། 
         “ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ‘མི་སེར་གྱི་སྒོ་འགྲམ་སྨན་ཁང’འཛུགས་སྐྲུན་ཡག་པོ་བྱ་ཆེད། ཀྲུང་དབྱང་གིས་མ་དངུལ་སྒོར་དུང་ཕྱུར་474.8བཏང་སྟེ་རྫོང་རིམ་པའི་སྨན་ཁང་དང་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ཁྲི་11གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ནས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ཡོད”ཅེས་པ་རྒྱལ་ཁབ་ཀྱིས་གཞི་རིམ་གྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བའི་འདུ་འགོད་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ་ཤང་གྲོང་འཕྲོད་བསྟེན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཁྲི་3ལྷག་ཙམ་དུ་ཀྲུང་ལུགས་གསོ་རིག་གི་ཕྱོགས་བསྡུས་ཞབས་ཞུའི་ཁུལ་བཙུགས་པ་དང་། རྒྱལ་ཡོངས་ཀྱི་སྨན་བཅོས་སྒྲིག་གཞི་ཁྲི་1.3གྱི་རྒྱང་རིང་སྨན་བཅོས་ཞབས་ཞུ་རྒྱལ་ཁབ་རིམ་པའི་རྫོང་དབུལ་པོ་ཚང་མར་ཁྱབ་ཡོད་ཅེས་ཝང་ཧོ་ཧྲེང་གིས་བཤད། 
         སྨན་རྫས་ཀྱི་གོང་ཚད་དམའ་རུ་བཏང་སྟེ་གཞུང་བཙུགས་སྨན་ཁང་སྤྱི་ཕན་རང་བཞིན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་བ། 
         ཝང་ཧོ་ཧྲེང་གིས་རྒྱལ་ཁབ་ཀྱིས་སྨན་རྫས་ལས་རིམ་ཧྲིལ་པོའི་སྒྱུར་བཅོས་ལག་ལེན་ཤུགས་ཆེན་བསྟར་བ་སྟེ། ཐོན་སྐྱེད་ལྷུ་ཚིགས་སུ་ཞིབ་འཇུག་གསར་བཟོ་བྱ་རྒྱུར་ལྕག་སྐུལ་བྱས་ཏེ་འདྲ་བཟོས་སྨན་རྫས་ཀྱི་ཕན་ནུས་ལ་གཅིག་གྱུར་ངང་གདེང་འཇོག་བྱས་ཡོད། ཤིན་ཏུ་དཀོན་པའི་སྨན་རྫས་དང་། གོང་ཁེའི་སྨན་རྫས། བྱིས་པའི་སྨན་རྫས་བཅས་མཁོ་སྤྲོད་འགན་ལེན་ལ་ཤུགས་སྣོན་དང་ཁྲོམ་ར་དང་མཐུན་སྦྱོར་དང་གནས་གཏན་འཁེལ་གྱིས་ཐོན་སྐྱེད་བྱེད་པ་སོགས་གནད་སྨིན་བྱ་ཐབས་ཕྱོགས་བསྡུས་ཐོག་སྤྱད་པས་ནད་ཐོག་སྨན་བཅོས་ལ་མཁོ་བའི་སྨན་རྫས་རིགས་130ཐག་གཅོད་ཡག་པོ་ཐུབ་ཡོད་ཅེས་བཤད། 
         གཞུང་བཙུགས་སྨན་ཁང་ཕྱོགས་བསྡུས་སྒྱུར་བཅོས་བྱ་རྒྱུ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་གཞུང་བཙུགས་སྨན་ཁང་དུ་སྨན་རྫས་ཀྱི་ཟུར་བསྣན་རིན་གོང་མེད་པར་བཟོས་ཡོད། དེང་རབས་ཀྱི་སྨན་ཁང་དོ་དམ་ལམ་ལུགས་འཛུགས་རྒྱུར་སྐུལ་འདེད་བཏང་བ་དང་གཞུང་བཙུགས་སྨན་ཁང་བཅོས་སྐྱོང་ལམ་སྲོལ་དང་ནང་ཁུལ་གྱི་ཚན་རིག་དང་མཐུན་པའི་དོ་དམ་སྒྲིག་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་ཏང་གི་འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་བརྒྱབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།