འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་ཧྭའི་རིག་གནས་ཀྱི་ཉམས་འགྱུར་ཕྱོགས་བཞིར་ཁྱབ། 

    "དགའ་སྤྲོ་འཁོལ་བའི་དཔྱིད་གསར"བྱེད་སྒོ་ཕྱི་རྒྱལ་གྱི་གྲོང་ཁྱེར་ཁག་ཏུ་སྤེལ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་14ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན། ཀྲུང་གོའི“དགའ་སྤྲོ་འཁོལ་བའི་དཔྱིད་གསར”རིམ་སྤེལ་བྱེད་སྒོ་རྒྱལ་ཁབ་མང་པོར་མུ་མཐུད་སྤེལ་ཞིང་། ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་སོགས་བྱེད་སྒོ་ལས་ཀྲུང་ཧྭ་རིག་གནས་ཀྱི་དམིགས་བསལ་ཁྱད་ཆོས་མངོན་པ་མ་ཟད། ས་གནས་དེ་གའི་དམངས་ཚོགས་ཚོས་ཀྱང་ཀྲུང་གོའི་ལོ་གསར་གྱི་དགའ་སྤྲོ་དང་འཆམ་མཐུན་གྱི་རྣམ་པ་ཚོར་ཡོད།
         2018ལོའི“དགའ་སྤྲོ་འཁོལ་བའི་དཔྱིད་གསར་གྱི་ཚོགས་མཆོད་ཆེ་མོ”དང་ཐོག་ཨེ་ཅིབ་ཀྱི་ཧུང་ཧའེ་གྲོང་ཁུལ་གྱི་ཧྲ་མུའུ་ཧྲ་དབྱི་ཧེར་གཉེར་ཡོད། དུས་ཡུན་ཉིན་ལྔའི་ཚོགས་མཆོད་ཚེས་9ཉིན་འགོ་ཚུགས་པ་དང་དེའི་རིང་སེང་རྩེད་དང་། གདོང་སྒྱུར། རྩལ་རྩེད་སོགས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་འཁྲབ་སྟོན་ལ་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་ཡོད། གདོང་སྒྱུར་འཁྲབ་སྟོན་པས་གར་སྟེགས་ཀྱི་གཤམ་དུ་བསྐྱོད་ནས་ལྟད་མོ་བའི་མདུན་དུ་འཁྲབ་སྟོན་བྱེད་སྐབས། ལྟད་མོ་བ་ཚོས་ཧང་སངས་པའི་རྣམ་འགྱུར་སྟོན་བཞིན་དུ་དགའ་བསུ་རྒྱུན་མི་ཆད་པར་ཞུས། ཨེ་ཅིབ་ཀྱི་ལྟད་མོ་བ་ལ་ཧེ་མན་གྱིས“ངའི་ངོས་ནས་བརྗོད་ན་ལྟད་མོ་ཆེ་ཤོས་ནི་གདོང་སྒྱུར་གྱི་ལེ་ཚན་དེ་རེད་འདུག གདོང་སྒྱུར་འགྱུར་བའི་བརྒྱུད་རིམ་དངོས་ནས་མགྱོགས་པོ་འདུག”ཅེས་བཤད།
         ཨེ་ཅིབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་སུང་ཨའེ་གོས“དགའ་སྤྲོ་འཁོལ་བའི་དཔྱིད་གསར་གྱི་ཚོགས་མཆོད་ཆེ་མོ”གཉེར་བའི་གོ་སྐབས་དང་བསྟུན་ནས་ཀྲུང་གོ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཁྱབ་ཁོངས་ཁག་ལ་རྒྱུས་མངའ་ལོན་ཚད་ཟབ་ཏུ་འགྲོ་རྒྱུའི་རེ་བ་ཡོད་ཅེས་བརྗོད།
         “དགའ་སྤྲོ་འཁོལ་བའི་དཔྱིད་གསར། ཡིད་དབང་འཕྲོག་པའི་པེ་ཅིང་ཅིན་དབྱི”བྱེད་སྒོ་ཚེས་10ཉིན་ཨ་རིའི་ཅཱ་ལི་ཧྥུ་ཉི་ཡ་ཀྲོའུ་པེ་ཧྥོ་ལི་ཧྲན་གྲོང་ཁྱེར་གྱི་སའེ་པན་ཟློས་གར་ཁང་དུ་ཐོག་མར་འཚོགས་ཤིང་། བྱེད་སྒོར་པེ་ཅིང་ཐེན་ཅིན་ཧོ་པེ་བཅས་ས་ཁུལ་གསུམ་གྱི་ཁྱད་ལྡན་རིག་གནས་བསྡུས་ཡོད། པེ་ཧྥོ་ལི་ཧྲན་གྲོང་ཁྱེར་གྱི་ཧྲི་ཀྲང་དང་ཨ་རིའི་ལས་རིགས་ཁག་གི་མི་སྣ་བརྒྱ་ལྷག་ཙམ་གྱིས་དམངས་ཁྲོད་ཀྱི་རོལ་མོ་དང་། རྩལ་རྩེད། ཁུན་ཧྲན་གྱི་ཁྲང་ཞི། ཞབས་བྲོ་སོགས་ངོ་མཚར་ཆེ་བའི་འཁྲབ་སྟོན་མྱོང་རོལ་བྱས་ཡོད།
         ལུའོ་ཧྲན་ཅི་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་ཀྲང་ཕིང་གིས“དགའ་སྤྲོ་འཁོལ་བའི་དཔྱིད་གསར། ཡིད་དབང་འཕྲོག་པའི་ཅིང་ཅིན་དབྱི”བྱེད་སྒོ་ནི་ལུའོ་ཧྲན་ཅི་ས་ཁུལ་དུ་དཔྱིད་གསར་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་གལ་ཆེན་ཞིག་ཡིན་པས་ཀྲུང་གོ་དང་ཨ་རིའི་རིག་གནས་སྤེལ་རེས་ལ་སྐུལ་འདེད་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་ཕན་ཚུན་བསམ་ཤེས་དང་མཛའ་གྲོགས་ཟབ་ཏུ་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཐུབ་ཅེས་བཤད།
         ལྟད་མོ་བ་ཨའེ་ལི་སི་ཀེ་ལི་ཁེ་མན་གྱིས་ངས་པེ་ཅིང་ལ་རྒྱུས་མངའ་ཅུང་ཆེ་ཙམ་ཡོད། ད་ཐེངས་ཀྱི་བྱེད་སྒོ་བརྒྱུད། སླད་ཕྱིན་ཐེན་ཅིན་དང་ཧོ་པེར་བསྐྱོད་ནས་ཀྲུང་གོའི་ས་གནས་ཁག་གི་རིག་གནས་དེ་བས་མང་བ་ཤེས་རྟོགས་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད།
         པེར་ཀྲེམ་གྱི་2018ལོའི“དགའ་སྤྲོ་འཁོལ་བའི་དཔྱིད་གསར”རིམ་སྤེལ་བྱེད་སྒོའི་གྲས་ཀྲུང་གོའི་རིག་གནས་གཟའ་འཁོར་བྱེད་སྒོ་ཚེས་11ཉིན་པེར་ཀྲེམ་གྱི་ཝ་ལུང་ཅུས་ཏིར་པི་གྲོང་ཁྱེར་དུ་འགོ་ཚུགས་པ་རེད།
        ཏིར་པི་གྲོང་ཁུལ་དུ་གྲོང་མི་500ལས་མེད་པས“འཛམ་གླིང་ཐོག་གི་གྲོང་ཁྱེར་ཆུང་ཤོས”ཞེས་བརྗོད་ཀྱི་ཡོད། འགོ་ཚུགས་ཉིན་མོར་ཡིད་དབང་འགུག་ཤོས་ཀྱི་ལེ་ཚན་ནི་ཕྱི་རྒྱལ་བ་ཁ་ཤས་ཀྱིས་སེང་རྩེད་བརྩེས་པ་དེ་རེད། སེང་རྩེད་རྩེ་མཁན་དྲག་རྩལ་ཁང་གི་འགན་འཁུར་བ་སའེ་ཏེ་ལི་ཁེ·ཐང་མུའུ་སེན་དེ་གོང་ཀྲུང་གོར་ཐེངས་གསུམ་སླེབས་མྱོང་བ་དང་ཀྲུང་གོའི་དྲག་རྩལ་སྦྱངས་པ་དེ་ནི་ཁོང་གི་ངོས་ནས་བརྗོད་ན་སྤོབས་པ་ཆེ་ཤོས་ལ་བརྩི་ཡི་ཡོད། ཁོང་གིས་ཀྲུང་གོ་ཕྱོགས་ཀྱི་གདན་ཞུས་ལྟར་དེར་འཁྲབ་སྟོན་བྱ་རྒྱུ་བྱུང་བས་སེམས་པ་དངོས་ནས་སྐྱིད་པོ་འདུག་ཅེས་བཤད།
         པེར་ཀྲེམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཆུས་ཤིང་གིས་ཀྲུང་པེར་དབར་གྱི་མཉམ་ལས་ཁྱབ་ཁོངས་མང་པོར་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པས་དེ་ཚོན་མདོག་རྣམ་པར་བཀྲ་བའི་མེ་ཏོག་ལྡུམ་ར་ཞིག་དང་འདྲ། དེ་རིང་ཏིར་པིའི་རིག་གནས་གཟའ་འཁོར་བྱེད་སྒོས་མེ་ཏོག་ལྡུམ་ར་དེར་སླར་ཡང་ཡུལ་ལྗོངས་གསར་པ་ཞིག་བསྣན་ཡོད་ཅེས་བཤད།
        ཐན་ཙན་ནི་ཡའི་གྲོང་ཁྱེར་ཆེ་གྲས་དང་པོ་ཏ་རེ་སི་ས་ལམ་དུ་2018ལོའི“དགའ་སྤྲོ་འཁོལ་བའི་དཔྱིད་གསར། 《དར་གོས་ལམ་བུའི་ཉམས་སྣང》”གྱི་རིག་རྩལ་འཁྲབ་སྟོན་ཚེས་11ཉིན་གྱི་དགོང་མོ་ཉི་ལུའེ་འར་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་འཚོགས་པ་རེད།
         འདི་ལོ་ནི“དགའ་སྤྲོ་འཁོལ་བའི་དཔྱིད་གསར”བྱེད་སྒོ་ཐན་ཙན་ནི་ཡར་སྤེལ་ཐེངས་དགུ་པ་དེ་རེད། ཀན་སུའུ་ཞིང་ཆེན་ལུང་ཟློས་གར་ཁང་དང་ཀན་སུའུ་ཞིང་ཆེན་རྩལ་རྩེད་ཚོགས་པའི་སྒྱུ་རྩལ་མཁས་ཅན་ཚོས་ལྟད་མོ་བར་ས་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་འཁྲབ་སྟོན་བྱས་པ་རེད།
         ཚེས་9ནས་11ཉིན་བར། ཀྲུང་གོའི་ནང་སོག་མི་རིགས་སྒྱུ་རྩལ་ཁང་གིས་ཝུ་ཀན་ཏའི་རྒྱལ་ས་ཁམ་ཕ་ལ་རུ“དགའ་སྤྲོ་འཁོལ་བའི་དཔྱིད་གསར། རྩྭ་ཐང་གི་སྨོན་འདུན”གྱི་འཁྲབ་སྟོན་ཆེ་གྲས་ཐེངས་གཉིས་བྱས་པ་རེད།
         མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་གླུ་གར་དང་། པི་ཝང་རྟ་མགོ་མ་དཀྲོལ་གཏོང་། ཧུའུ་མའེ་གཏོང་བ། རྩལ་རྩེད་སོགས“ཀྲུང་གོའི་ཉམས་འགྱུར་ལྡན་པའི”ལེ་ཚན་ཆུ་ཚོད་2ཙམ་འཁྲབ་སྟོན་བྱས་པར་ལྟད་མོ་བའི་དགའ་བསུ་དང་དགའ་འབོད་ཆེན་པོ་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།