འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱི་ཕྱོགས་ལ་དྲིལ་བསྒྲགས་ངོ་སྤྲོད་ཚོགས་
    པས་ལྷོ་ཨ་ཧྥེ་རི་ཁར་འཚམས་འདྲི་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་20ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་14ནས་17ཉིན་བར་ལྷོ་ཨ་ཧྥེ་རི་ཁའི་ཨ་ཧྥེ་རི་ཁ་བའི་རྒྱལ་དམངས་ཚོགས་ཆེན་གྱི་གདན་ཞུས་ལྟར་ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཀའོ་ཤོན་མིན་གྱིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱི་ཕྱོགས་ལ་དྲིལ་བསྒྲགས་ངོ་སྤྲོད་ཚོགས་པའི་སྣེ་ཁྲིད་དེ་ལྷོ་ཨ་ཧྥེ་རི་ཁར་འཚམས་འདྲིར་ཕེབས་པ་དང་འབྲེལ་ཀྲུང་གུང་གི་འཐུས་མིའི་ངོས་ནས་ཨ་ཧྥེ་རི་ཁ་བའི་རྒྱལ་དམངས་ཚོགས་ཆེན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ང་བཞི་པར་ཞུགས་པ་རེད། ཀའོ་ཤོན་མིན་གྱིས་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ཨ་ཧྥེ་རི་ཁ་བའི་རྒྱལ་དམངས་ཚོགས་ཆེན་གྱི་ཀྲུའུ་ཞི་ཙུའུ་མཱ་ལ་ཀྲུང་གུང་ཀྲུང་དབྱང་གིས་ཨ་ཧྥེ་རི་ཁ་བའི་རྒྱལ་དམངས་ཚོགས་ཆེན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ལ་སྤྲིངས་གནང་བའི་རྟེན་འབྲེལ་ཞུ་ཡིག་བརྒྱུད་སྤྲོད་གནང་བ་རེད། ཀའོ་ཤོན་མིན་གྱིས་ཨ་ཧྥེ་རི་ཁ་བའི་རྒྱལ་དམངས་ཚོགས་ཆེན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་མན་ཐཱ་ཤེ་དང་ལྷོ་ཨ་ཧྥེ་རི་ཁའི་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་གཞོན་པ་དང་པོ་མ་ཕའེ་ལཱ་དང་ཁག་སོ་སོར་མཇལ་འཛོམས་གནང་བ་དང་འབྲེལ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་བསྒྲགས་ངོ་སྤྲོད་ཀྱང་གནང་བ་རེད། ཀའོ་ཤོན་མིན་ད་དུང་ལྷོ་ཨ་ཧྥེ་རི་ཁའི་རང་ཚུགས་སྨྱན་སྦྱོར་ཚོགས་པ་དང་། ལྷོ་ཨ་ཧྥེ་རི་ཁར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་། ལྷོ་ཨ་ཧྥེ་རི་ཁའི་རྒྱལ་ཡོངས་སྤྱི་དམངས་རྩ་འཛུགས་བཅས་ཀྱིས་མཉམ་དུ་གཉེར་བའི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཆེད་དོན་དྲིལ་བསྒྲགས་ངོ་སྤྲོད་ཚོགས་འདུ་ཐེངས་གཉིས་ལ་ཞུགས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གསུང་བཤད་ཀྱང་གནང་ཞིང་། ལྷོ་ཨ་ཧྥེ་རི་ཁའི་སྲིད་གཞུང་དང་། སྲིད་ཏང་། བཟོ་ཚོང་ལས་རིགས། ཇུས་འདོན་ཚོགས་པ་བཅས་ནས་ཕེབས་པའི་འཐུས་མི་150ལྷག་ཙམ་ཚོགས་འདུར་ཞུགས་པ་རེད།
         ཀའོ་ཤོན་མིན་གྱིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཙོ་བོ་དང་དོན་སྙིང་གལ་ཆེན་ཕྱོགས་ཡོངས་ནས་འཆད་འགྲེལ་གནང་བ་དང་། ཆབ་སྲིད་དང་། རིགས་པའི་གཞུང་ལུགས། ལག་ལེན་བཅས་ཀྱི་ཐད་ལ་ཚོགས་ཆེན་བཅུ་དགུ་པར་ཐོབ་པའི་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ངོ་སྤྲོད་གནང་བ་མ་ཟད། ད་དུང་ཀྲུང་གོས་ལྷོ་ཨ་ཧྥེ་རི་ཁ་ཚུད་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་དང་མཐུན་སྒྲིལ་མཉམ་ལས་ཟམ་མི་ཆད་པར་བརྟན་དུ་དང་ཟབ་ཏུ་གཏོང་རྒྱུར་གཞོལ་ཏེ་གཉིས་ཁེ་གཉིས་ཕན་ཡོང་ཐབས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་བསྐྲུན་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད། ལྷོ་ཨ་ཧྥེ་རི་ཁའི་ཕྱོགས་ཁག་གིས་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་པར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཀྲུང་གོར་ཐོབ་པའི་གྲུབ་འབྲས་ཆེན་པོར་བསྔགས་བརྗོད་ཆེན་པོ་གནང་བ། ཀྲུང་གོའི་གྲུབ་འབྲས་ཐོབ་པའི་ལམ་བུ་དེ་ཨ་ཧྥེ་རི་ཁའི་ངོས་ནས་བརྗོད་ན་དཔྱད་གཞིའི་མེ་ལོང་ལྟ་བུའི་དོན་སྙིང་ཟབ་མོ་ལྡན་པ་ཞིག་རེད་ཅེས་གསུངས།
         ཀའོ་ཤོན་མིན་གྱིས་ལྷོ་ཨ་ཧྥེ་རི་ཁའི་ཏང་སྲིད་དཔོན་རིགས་སོགས་ལ་དབྱིན་ཡིག་པར་མའི་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》(དེབ་གཉིས་པ)དང་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་པར་མ་ཕུལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།