འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གིས་རྗེ་ཙོང་ཁ་པ་རྗེས་
    དྲན་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་བརྒྱད་པ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་13ཉིན། 16:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གིས་རྗེ་ཙོང་ཁ་པ་རྗེས་
དྲན་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་བརྒྱད་པ་འཚོགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་12ཉིན་(བོད་ཟླ་10ཚེས་25ཉིན)ནི་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་དགའ་ལྡན་ལྔ་མཆོད་ཀྱི་ཉིན་ཡིན་པས། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་ཞིབ་འཇུག་སློབ་མའི་ཚོགས་ཀྱིས་གཙོ་སྒྲུབ་བྱས་ནས་རྗེ་ཙོང་ཁ་པ་ཆེན་པོ་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་བརྒྱད་པ་རིག་པའི་མཆོད་སྤྲིན་ཞེས་པ་འཚོགས་པ་རེད། བགྲོ་གླེང་ཚོགས་འདུ་རུ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་གླིང་གཙོ་དགེ་རྒན་ཆེན་མོ་ཚེ་རིང་ཐར་དང་། གླིང་གཙོ་གཞོན་པ་དགེ་རྒན་ཆེ་མོ་བཀྲ་བྷ། དགེ་རྒན་ཆེ་མོ་གོ་ཤུལ་གྲགས་པ་འབྱུང་གནས། དགེ་རྒན་ཆེ་མོ་བཀའ་སྲུང་མགོན་པོ། དགེ་རྒན་ཆེ་མོ་འབྲུག་ལྷ། དགེ་རྒན་ཆེ་མོ་ཚེ་དབང་ལྷ་མོ་སོགས་བོད་རིག་པ་ཞིབ་འཇུག་གླིང་གི་དགེ་བའི་བཤེས་གཉེན་དག་དུས་ཐོག་ཏུ་ཕེབས་གནང་ཡོད་ལ། དེ་བཞིན་དུ་བོད་རིག་པ་ཞིབ་འཇུག་གླིང་གི་དངོས་གཞིའི་སློབ་མ་དང་རབ་འབྱམས་པའི་སློབ་མ། འབུམ་རམས་པའི་སློབ་མ། དེ་མིན་གཞན་པེ་ཅིང་གི་སློབ་གྲྭ་ཆེན་མོ་ཁག་ཏུ་སློབ་གཉེར་བྱེད་བཞིན་ཡོད་པའི་སློབ་མ་དང་། པེ་ཅིང་གི་ལས་ཁུངས་ཁག་ཏུ་ལས་ཀ་བྱེད་བཞིན་ཡོད་པའི་བོད་ཀྱི་ལས་བྱེད་པ་སོགས་ཀྱང་དུས་ཐོག་ཏུ་བགྲོ་གླེང་ཚོགས་འདུ་རུ་ཕེབས་ཡོད་པ་རེད།
         ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ལ་ཁྱོན་ལས་རིམ་གསུམ་ཡོད་པ་སྟེ། དགེ་རྒན་ཆེ་མོ་གོ་ཤུལ་གྲགས་པ་འབྱུང་གནས་མཆོག་གིས་ཚོགས་འདུའི་དབུ་འབྱེད་གསུང་བཤད་གནང་བ་དང་ཐེངས་འདིའི་བགྲོ་གླེང་དངོས་སུ་འགོ་བརྩམས་པ་སྟེ། 2015ལོའི་དངོས་གཞིའི་སློབ་མ་རྩོམ་རིག་འཛིན་གྲྭས་སྒྲ་གཙང་ཞིང་སྒྲིག་དག་པའི་ངག་གིས་རྗེ་རིན་པོ་ཆེ་རྗེས་དྲན་ཆེད་དུ་རྗེ་ཉིད་ཀྱིས་མཛད་པའི་《རྟེན་འབྲེལ་བསྟོད་པ་》བློ་སྐྱོར་ཏེ་མཆོད་པ་ཕུལ་བ་ནི་ལས་རིམ་དང་པོ་ཡིན་པ་དང་། དེ་ནས་ཚོགས་འདུ་ཡུལ་དངོས་སུ་རབ་འབྱམས་པ་དང་འབུམ་རམས་པ་གཉིས་ཀྱི་སློབ་མ་བཞི་སྟེ་རིག་ཚན་མི་འདྲ་བའི་དཔྱད་རྩོམ་ལེགས་ཤོས་བཞི་སྙན་ཞུ་ཕུལ་བ་སྟེ། ཐོག་མར་དཔྱད་རྩོམ་འབྲི་པ་པོས་རང་ཉིད་ཀྱི་དཔྱད་རྩོམ་དེ་གོ་བསྐོན་བློ་འགུག་གི་ངག་ནས་ངོ་སྤྲོད་བྱས་རྗེས། ཚོགས་ཐོག་ཕེབས་པའི་སྐུ་མགྲོན་གང་རུང་གིས་དཔྱད་རྩོམ་དེ་དང་འབྲེལ་བའི་དྲི་བར་སྙན་ཞུ་ཕུལ་མཁན་གྱིས་དྲིས་ལན་བཏབ་པ་དང་། ཚོགས་སུ་ཕེབས་པའི་དགེ་རྒན་ཆེ་མོ་བཀའ་སྲུང་མགོན་པོ་དང་དགེ་རྒན་ཆེ་མོ་བཀྲ་བྷ། དགེ་རྒན་ཆེ་མོ་འབྲུག་ལྷ་དང་དགེ་རྒན་ཆེ་མོ་ཚེ་དབང་ལྷ་མོ་བཅས་ཀྱིས་དཔྱད་རྩོམ་དག་ལ་རང་ཉིད་ཀྱི་དགོངས་འཆར་དང་གདེང་འཇོག་མཛད། བར་མཚམས་སུ་སློབ་མ་གསུམ་གྱིས་ཡིད་སེམས་འགུགས་ཤིང་བདེ་རུ་བཅུག་པའི་ངག་གིས་རྗེ་རིན་པོ་ཆེས་མཛད་པའི་《སྐབས་གསུམ་པ་》གྱེར་འདོན་གྱི་མཆོད་པ་ཕུལ་བ་བཅས་ནི་ལས་རིམ་གཉིས་པ་ཡིན་པ་རེད།
        དེ་ནས་བོད་རིག་པ་ཞིབ་འཇུག་གླིང་གི་གླིང་གཙོ་དགེ་རྒན་ཆེ་མོ་ཚེ་རིང་ཐར་མཆོག་གིས་ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་སྤྱིའི་གནས་ཚུལ་སྐོར་གསུང་བཤད་གནང་བ་སྟེ། དགེ་རྒན་ཆེ་མོ་ཚེ་རིང་ཐར་མཆོག་གིས་སྐབས་འདིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་རིག་པ་ཞིབ་འཇུག་གླིང་གིས་དགའ་ལྡན་ལྔ་མཆོད་ཉིན་ལ་རིག་གཞུང་བགྲོ་གླེང་ཚོགས་འདུ་སྤེལ་བ་ནས་བཟུང་སྐབས་བརྒྱད་པ་དེ་ཡིན་པ་དང་། བོད་རིག་པ་ཞིབ་འཇུག་གླིང་གིས་འདི་འདྲའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྤེལ་བའི་ལམ་ནས་རྗེ་ཙོང་པ་ཆེན་པོར་རྗེས་དྲན་དང་རྗེ་ཙོང་ཁ་པ་ཆེན་པོའི་སྙིང་སྟོབས་ལ་སློབ་སྦྱོང་དང་དྲིལ་བསྒྲགས་སྤེལ་བ་ནི་རིན་ཐང་ཆེན་པོ་ལྡན་པ་དང་། གཙོ་སྒྲུབ་གནང་མཁན་ཞིབ་འཇུག་སློབ་མ་ཚོགས་པས་ཚོགས་འདུའི་ལས་རིམ་གྱི་བཀོད་སྒྲིག་ལོ་རེ་ལས་ལོ་རེར་ཚགས་དམ་ཞིང་སྒྲིག་དག་པ་དང་། ཚོགས་ཐོག་ཡུལ་དངོས་ནས་སྙན་ཞུ་ཕུལ་བའི་སློབ་མ་ཚོས་དཔྱད་རྩོམ་དག་ལོ་རེ་ལས་ལོ་རེར་ནང་དོན་ལེགས་ཤིང་འབྲི་ཐབས་བཟང་བ། འདི་ནས་སློབ་མ་ཚོས་དཀའ་སྤྱད་འབད་བརྩོན་གྱི་གྲུབ་འབྲས་བཟང་པོ་མཐོང་ཐུབ་པ་དང་། དེ་བཞིན་དུ་ཚོགས་ཞུགས་ཀྱི་དགེ་སློབ་ཚོས་དགའ་ལྡན་ལྔ་མཆོད་ཉིན་ལ་སྤེལ་བཞིན་པའི་བགྲོ་གླེང་ཚོགས་འདུ་འདི་སྔར་བས་ཀྱང་གཅེས་སུ་བཟུང་ནས་དུས་ཐོག་ཏུ་ཞུགས་པ་ནི་དགའ་འོས་པ་ཞིག་རེད་ཅེས་གསུང་། མཐར་དགེ་རྒན་ཆེན་མོ་བཀྲ་བྷ་ལགས་ཀྱིས་དཔྱད་རྩོམ་སྙན་ཞུ་ཕུལ་མཁན་དག་ལ་གཟེངས་རྟགས་བསྩལ་བ་དང་། དེ་མཐུད་ནས་སྐབས་བརྒྱད་པའི་ཚོགས་འདུའི་རྗེས་དྲན་གྱི་མཉམ་པར་བསྐྱོན་ཏེ་བཀྲ་ཤིས་པའི་ངང་མཇུག་བསྒྲིལ་བ་རེད།
    【1】  【2】  【3】
    2015ལོའི་དངོས་གཞི་རྩོམ་རིག་འཛིན་གྲྭས་《རྟེན་འབྲེལ་བསྟོད་པ་》བློ་ནས་གྱེར་བཞིན་པ།
    2015ལོའི་དངོས་གཞི་རྩོམ་རིག་འཛིན་གྲྭས་《རྟེན་འབྲེལ་བསྟོད་པ་》བློ་ནས་གྱེར་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།