འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་མཁའ་འགྲུལ་ཀུང་སིས་ཁྲེང་ཏུའུ་ནས་ཆབ་མདོར་ཐད་ཀར་འཕུར་བའི་མཁའ་
    ལམ་བཏོད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་19ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་17ཉིན་བོད་ལྗོངས་མཁའ་འགྲུལ་ཀུང་སིས་ཁྲེང་ཏུའུ་ནས་ཆབ་མདོར་ཐད་ཀར་ཕན་ཚུན་འཕུར་བའི་མཁའ་ལམ་དངོས་སུ་བཏོད་པ་ལས་ཁྲེང་ཏུའུ་ནས་ཆབ་མདོ་དབར་ཉིན་ལྟར་དུས་གཏན་གནམ་གྲུའི་ལན་གྲངས་མང་ཤོས་3བར་མང་དུ་ཕྱིན་པ་མཚོན་པ་དང་། ས་གནས་གཉིས་དབར་འགྲུལ་པ་སྐྱོད་པའི་གནོན་ཤུགས་ཞི་ལྷོད་དུ་འགྲོ་བར་ཕན་ཐོགས་པ་མ་ཟད། འགྲུལ་པར་སྔར་བས་སྟབས་བདེའི་འགྲིམ་འགྲུལ་གྱི་ཁོར་ཡུག་ཅིག་ཀྱང་ཡོང་རྒྱུ་རེད།
         དེ་གོང་། རྒྱལ་ཁབ་མཁའ་འགྲུལ་ཀུང་སི་ཁོ་ནས་ཁྲེང་ཏུའུ་ནས་ཆབ་མདོར་ཐད་ཀར་འཕུར་བའི་མཁའ་ལམ་ཞིག་བཏོད་ཡོད་པ་དང་ཉིན་ལྟར་གནམ་གྲུ་ཕན་ཚུན་ཐེངས་གཉིས་གཏོང་གི་ཡོད། བོད་ལྗོངས་མཁའ་འགྲུལ་ཀུང་སིས་བཏོད་པའི་ཁྲེང་ཏུའུ་ནས་ཆབ་མདོར་ཐད་ཀར་འཕུར་བའི་མཁའ་ལམ་དུ་གཟའ་རེའི་གཟའ་ཟླ་བ་དང་། ལྷག་པ། པ་སངས། ཉི་མ་བཅས་སུ་འཕུར་རྒྱུ་ཡིན་པ་དང་། ཕྱོགས་རྐྱང་པའི་འཕུར་ཡུན་ཆུ་ཚོད་གཅིག་དང་སྐར་མ་ལྔ་བཅུ་ཙམ་རེད། དེའི་ནང་ཁྲེང་ཏུའུ་ནས་ཆབ་མདོ་དབར་གྱི་དུས་གཏན་གནམ་གྲུ་ནི་TV9893ཡིན་པ་དང་སྔ་དྲོའི་ཆུ་ཚོད་8དང་སྐར་མ་35ལ་ཁྲེང་ཏུའུ་ནས་འཕུར་ཏེ་ཆུ་ཚོད་10དང་སྐར་མ་05ལ་ཆབ་མདོར་འབྱོར་བ་དང་། ཕྱིར་གཏོང་དུས་གཏན་གནམ་གྲུ་ནི་TV9894ཡིན་པ་དང་སྔ་དྲོའི་ཆུ་ཚོད་11དང་སྐར་མ་05ལ་ཆབ་མདོ་ནས་འཕུར་ཏེ་ཆུ་ཚོད་12དང་སྐར་མ་25ལ་ཁྲེང་ཏུའུ་རུ་འབྱོར་གྱི་ཡོད་པ་རེད།
         ཆབ་མདོ་ནི་བོད་ལྗོངས་ཀྱི་ཤར་རྒྱུད་དུ་གནས་ཤིང་། སི་ཁྲོན་དང་། ཡུན་ནན། བོད་ལྗོངས་བཅས་ཀྱི་ཡུལ་སྐོར་ཐད་ཀྱི་ཟུར་གསུམ་ལྟེ་བའི་ས་ཁོངས་ཤིག་ཡིན་ལ་ཇ་རྟའི་གནའ་ལམ་གྱི་གྲོང་རྡལ་གཙོ་བོའང་རེད། ད་ཆར་ཁ་རུབ་གནའ་ཤུལ་དང་། ཚྭ་ཁ་ལྷོའི་ལོ་ངོ་སྟོང་གི་ཚྭ་ཞིང་། ར་འོག་མཚོ། ལ་སྒོ་འཁྱག་རོམ་སོགས་ཡུལ་སྐོར་མཛེས་ལྗོངས་ཁུལ་200ལྷག་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།