འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་སི་རི་ལན་ཁར་འཚམས་འདྲི་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་19ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ། དེ་བཞིན་བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་སྡེ་ཚན་གྱི་ལས་དོན་མི་སྣ་བཅས་ལས་གྲུབ་པའི་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་ཚེས་14ནས་16ཉིན་བར་སི་རི་ལན་ཁར་དུས་ཡུན་ཉིན་གསུམ་གྱི་འཚམས་འདྲི་བྱས་པ་རེད།
         ཚེས་14ཉིན། འཚམས་འདྲི་ཚོགས་པས་ཁོ་ལོན་པོའི་པན་ཏ་ལ་ནེ་ཁེ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་ཀྲུང་གོའི་བོད་ཀྱི་རིག་གནས་ཀྱི་པར་རིས་འགྲེམས་སྟོན་དང་བོད་དང་འབྲེལ་བ་ཡོད་པའི་ཆེད་དོན་སྙན་ཞུའི་ཚོགས་འདུ་འཚོགས་པ་རེད། སྤེལ་རེས་ཚོགས་པའི་ཚོགས་གཙོ་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལོ་རྒྱུས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཀྲང་ཡུན་གྱིས་འགོ་བརྗོད་དུ“བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས”ཞེས་འཁོད་པའི་ཆེད་དོན་འཆད་ཁྲིད་སྤེལ་བ་རེད།
         ཀྲང་ཡུན་གྱིས་ཆེད་དོན་འཆད་ཁྲིད་ཐོག ཀྲུང་སི་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་སྤེལ་རེས་ཀྱི་ལོ་རྒྱུས་ཡུན་རིང་དང་ཆོས་ལུགས་དང་རིག་གནས་ཀྱི་འབྲེལ་བ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ཀྲུང་གོའི་བླ་མ་སྐྱེས་ཆེན་ཧྥ་ཤན་གྱིས་སི་རི་ལན་ཁར་ཆོས་ཞུ་བ་དང་སི་རི་ལན་ཁའི་བླ་མ་སྐྱེས་ཆེན་པུའུ་ཁུང་སན་ཙང་ཁྲང་ཨན་དུ་གཞིས་སྡོད་གནང་ནས་ཆོས་སྒྱུར་ཆོས་ཁྲིད་གནང་སྟེ་རྒྱལ་ཁབ་གཉིས་པོའི་མི་སྣ་ཕན་ཚུན་འགྲོ་འོང་བྱེད་པའི་ལོ་རྒྱུས་ཡུན་རིང་དང་ཆོས་ལུགས་དང་རིག་གནས་སྤེལ་རེས་བྱེད་པའི་ཤུགས་རྐྱེན་ཟབ་མོ་ལྡན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         སི་རི་ལན་ཁའི་ནང་བསྟན་ལས་དོན་པུའུ་ཀྲང་ཕེ་ལའེ་ལི་དང་རྒྱུན་ལས་པུའུ་ཀྲང་གཞོན་པ་ཅ་མ་ཀེ་དང་སི་ཀྲུང་རྒྱལ་ཁབ་གཉིས་ཀྱི་ནང་བསྟན་མཛའ་གྲོགས་མཐུན་ཚོགས་སོགས་སྒྲིག་འཛུགས་ཀྱི་འགན་འཁུར་བ་དང་། དེ་བཞིན་ས་གནས་དེའི་སློབ་གྲྭའི་དགེ་སློབ་སོགས་མི་200ལྷག་ཙམ་འགྲེམས་སྟོན་ལ་ལྟ་སྐོར་བྱེད་པའི་ནང་ཞུགས་པ་དང་འབྲེལ་སྙན་ཞུའི་ཚོགས་འདུར་ཡང་ཞུགས་པ་རེད།
         ཚེས་14ཉིན་སྤེལ་རེས་ཚོགས་པས་ད་དུང་སི་རི་ལན་ཁའི་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་ཞུས་ནས་ཀྲུང་སི་རྒྱལ་ཁབ་གཉིས་དབར་གྱི་འབྲེལ་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་འཕེལ་རྒྱས་དང་། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན། ནང་བསྟན་མཚམས་སྦྱོར་དུ་བྱེད་པའི་ཆོས་ལུགས་དང་རིག་གནས་སྤེལ་རེས་སོགས་སྐོར་གྱི་གསར་འགོད་པའི་དྲི་བར་ལན་བརྒྱབ་པ་རེད།
         སྤེལ་རེས་ཚོགས་པས་སི་རི་ལན་ཁར་འཚམས་འདྲི་བྱེད་རིང་སི་རི་ལན་ཁའི་ནང་བསྟན་ལས་དོན་པུའི་དཔོན་རིགས་དང་། སི་རི་ལན་ཁའི་སྐྱེད་ཚལ་དགོན་གྱི་གྲུབ་མཐའི་གྲྭ་བདག ཨ་སི་ཅེ་ལི་གྲུབ་མཐའི་གྲྭ་བདག་སོགས་དང་བཞུགས་མོལ་སྤེལ་རེས་བྱས་ཡོད། སྤེལ་རེས་ཚོགས་པས་བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་འཕེལ་རྒྱས་དང་བོད་བརྒྱུད་ནང་བསྟན་གྱི་ད་ཡོད་གནས་བབ་དང་ཆོས་དད་རང་མོས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་དང་ཕྱོགས་གཉིས་ཀྱིས་རིག་གནས་དང་ཆོས་ལུགས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་འདོད་བློ་མཚོན་པར་བྱས་ཡོད།
         ད་ཐེངས་ཀྱི་འཚམས་འདྲིའི་བྱེད་སྒོ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་སྒྲིག་འཛུགས་བྱས་པ་ཞིག་ཡིན། དེ་གོང་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་སིང་ཀ་ཕོར་ལ་འཚམས་འདྲི་བྱས་ཟིན་པ་དང་། དེ་རྗེས་སྤེལ་རེས་ཚོགས་པས་ད་དུང་འབར་མར་འཚམས་འདྲི་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།