འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།གནས་སྤོ་འདོད་མེད་པའི་གཙོད།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་25ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཨ་མདོ་རྫོང་བྱང་མ་གྲོང་རྡལ་གྲོང་ཚོ་གཉིས་པར་ཡོད་པའི་རྩྭ་ཐང་འབྲོག་ར་ནི་སྟོན་དུས་ཀྱི་འབྲོག་ར(ཕྱུགས་ཟོག་རྒྱུད་འཕེལ་རྟེན་གཞི)ཡིན་པ་དང་ཕྱུགས་བཀག་གི་དུས་ཚིགས་དེར་གཙོད་ཁྱུ་གཅིག་དེར་སླེབས།
         གཙོད་འབྲོག་རར་སླེབས་དོན་གང་ཡིན་ཞེ་ན། ལོ་ཉི་ཤུའི་གོང་ནས་ཤོད་དགོས་པ་སྟེ། 1997ལོའི་ཟླ་10པར་བྱང་རྩྭ་ཐང་ལ་གངས་ཆེན་པོ་བབས་པ་དང་བྱང་མ་གྲོང་རྡལ་གྲོང་ཚོ་གཉིས་པའི་གྲོང་མི་བུ་དགའ་འབྲོག་རར་ཕྱུགས་ཟོག་ལ་ལྟ་བར་འགྲོ་སྐབས་གཙོད་བཅོ་ལྔ་ལྷས་རའི་ནང་འཛུལ་ཏེ་ལུག་དང་མཉམ་དུ་བསྡད་ཡོད་པ་མཐོང་། གྲོང་མི་ཚོས་གནས་ཚུལ་དེ་ཤེས་རྗེས་ཚང་མ་ཧང་སངས་ཤིང་། ཁོང་ཚོས་ཚོད་དཔག་བྱས་པར་གཞིགས་ན། གཙོད་དེ་དག་གིས་ཟས་མ་རྙེད་སྟབས་ལྷས་རའི་ནང་འཛུལ་ཡོང་བ་ཞིག་རེད།
         གྲོང་མི་ཚོའི་སེམས་ནང་གཙོད་ནི་བཀྲ་ཤིས་པའི་མཚོན་རྟགས་ཡིན་པ་དང་ཁོང་ཚོས་གཙོད་དེར་ཡོང་བས་རང་ཉིད་རླུང་རྟ་དར་རྒྱུ་རེད་སྙམ། གྲོང་ཚོའི་ལས་བྱེད་པའི་སྣེ་ཁྲིད་འོག་གྲོང་མི་ཚོས་རང་ཁྱིམ་གྱི་གཟན་རྩྭ་ཁྱེར་ཏེ་གཙོད་ལ་སྟེར། དགུན་ཁ་ཡོལ་རྗེས་གཙོད་དེ་དག་ས་ཆ་གཞན་དུ་འགྲོ་གི་་རེད་སྙམ་མོད། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་གཙོད་དེ་དག་དེར་རྒྱུད་པ་སྤེལ་ནས་བསྡད།
         གཙོད་ཀྱིས་ནོར་ལུག་དང་མཉམ་དུ་ས་ཆ་དེར་འཚོ་སྡོད་བྱེད་པས་འབྲོག་པ་ཁག་གཅིག་འཁང་ར་བྱེད་འགོ་ཚུགས། གྲོང་ཚོའི་ལས་བྱེད་པ་སྐལ་བཟང་གིས་གྲོང་མི་ཚོར་བསམ་བློའི་སློབ་གསོ་བརྒྱབ་པ་དང་ཆབས་ཅིག་གཙོད་འབྲོག་རར་སླེབས་པའི་གནས་ཚུལ་འབྲེལ་ཡོད་སྡེ་ཚན་ལ་ཞུས། སྲིད་གཞུང་གིས་གྲོང་མི་ཚོར་ཁ་གསབ་སྤྲད་པ་མ་ཟད། སྐལ་བཟང་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བྱེད་མཁན་ལ་བསྐོས་ནས་གཙོད་སྲུང་སྐྱོང་ལས་ཀའི་འགན་ཁུར་དུ་བཅུག ལོ་ཉི་ཤུ་ཡི་རིང་འབྲོག་པ་ཚོའི་ལྟ་སྲུང་འོག་དེར་གཙོད་རྔོན་རྒྱག་པའི་དོན་རྐྱེན་གཅིག་ཀྱང་ཐོན་མྱོང་མེད། གཙོད་དང་འབྲོག་པ་ཚོ་ཞི་མཐུན་མཉམ་དུ་གནས་ལ། འབྲོག་རའི་རྒྱ་ཁྱོན་དེ་སྔའི་མུའུ་ཁྲི་1.5ནས་མུའུ་ཁྲི་3བར་རྒྱ་ཆེར་སོང་བ་དང་གཙོད་ཀྱི་གྲངས་འབོར་ཡང་15ནས་300ལྷག་ཙམ་བར་མང་དུ་ཕྱིན་ཡོད།
        མི་མང་པོ་ཞིག་གི་བག་ཆགས་ནང་གཙོད་ནི་ཐག་རིང་པོར་གནས་སྤོ་བྱེད་མཁན་སྲོག་ཆགས་ཤིག་ཡིན། སྤྱིའི་ཆ་ནས་བཤད་ན་གཙོད་ལོ་ལྟར་ཟླ་10པའི་ཟླ་སྨད་ནས་ཟླ་11པའི་ཟླ་དཀྱིལ་བར་འཁྲིག་སྦྱོར་བྱེད་པ་དང་མང་ཆེ་བ་ཕྱི་ལོའི་ཟླ་5པ་ནས་ཟླ་6པའི་ཟླ་དཀྱིལ་དུ་གནས་སྤོས་ནས་གཙོད་ཕྲུག་སྐྱེ་བར་ཡོང་བ་དང་ཟླ་7པའི་ཟླ་འགོར་གཙོད་ཕྲུག་ཁྲིད་དེ་ཕྱིར་ལོག་གི་ཡོད། བྱང་རྩྭ་ཐང་ཨ་མདོ་བྱང་མ་འབྲོག་རར་ཡོད་པའི་གཙོད་300ལྷག་ཙམ་དེ་དག་གིས་འབྲོག་རའི་ནང་འཁྲིག་སྦྱོར་དང་གཙོད་ཕྲུག་སྐྱེས་ནས་སྡོད་ཀྱི་ཡོད་པས། གཙོད་ཀྱི་གནས་སྤོས་གོམས་གཤིས་རྦད་དེ་འགྱུར་ལྡོག་སོང་ཡོད།
        ནག་ཆུ་ས་ཨུད་དྲིལ་བསྒྲགས་པུའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། འབྲོག་རར་རྩྭ་བསྙལ་ཕྱུགས་བཀག་བྱེད་པའི་ལྕགས་དྲས་གཙོད་བཀག་ཐུབ་ཀྱི་མེད། འབྲོག་རར་རྩྭ་འབེལ་པོ་ཡོད་པ་དང་གཙོད་ལ་བསྡུར་ཆ་གཅིག་མཚུངས་ཀྱི་འཁྲིག་སྦྱོར་བྱ་ཡུལ་ཡོད་པའི་ཐོག་དགྲ་ཟླ་ཉུང་བས་བལྟོས་བཅས་ཀྱིས་བརྟན་པོ་ཡོད་པའི་སྣོད་བཅུད་དོ་སྙོམས་ཀྱི་ཁོར་ཡུག་ནི་གཙོད་གནས་སྤོ་མི་བྱེད་པ་དང་དེ་གར་རྒྱུད་འཕེལ་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ནག་ཆུ་ས་ཁུལ་ཤན་རྩ་རྫོང་གི་གཙོད་ཁྱུ་ཁག་གཅིག་གནས་སྤོ་བྱེད་ཀྱི་མེད། དེ་དང་ཉེ་བའི་ལོ་ཤས་རིང་ནག་ཆུ་ས་ཁུལ་གྱི་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་དང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་གི་ཆེད་དོན་བྱ་སྤྱོད། སྐྱ་སྤོས་རྩྭ་གསོའི་སྣོད་བཅུད་འདུ་འགོད་བཅས་དང་འབྲེལ་བ་དམ་ཟབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།