འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཐའེ་དབན་གྱི་གསར་འགོད་པས་མཚོ་སྔོན་འདི་ཉིད་མཛེས་སྡུག་ལྡན་པ་ཞེས་བསྔགས་བརྗོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་24ཉིན། 14:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟི་ལིང་ནས་རྡོག་ཐོན་བྱས་ཏེ་G109གཞུང་ལམ་བརྒྱུད་ནུབ་ངོས་སུ་སྐྱོད་པའི་ལམ་བར་དུ་དྭངས་ཞིང་གཙང་བའི་མཚོ་སྔོན་པོ་དང་། མུ་མཐའ་མེད་པའི་མདོ་ལ་རིང་མོ། གངས་ལྟར་དཀར་བའི་ཁུ་ནུ་རི་བོ་ལ་སོགས་མུ་མཐའ་མེད་པའི་མཛེས་ལྗོངས་ཀྱིས་འགྲུལ་སྐྱེལ་རླངས་འཁོར་ནང་གི་འགྲུལ་པ་ཚང་མའི་ཡིད་དབང་འཕྲོག་ནས་པར་ཆས་དང་ལག་ཐོགས་ཁ་པར་སོགས་ཀྱིས་པར་ལེན་པའི་སྒྲ་བར་མེད་གྲགས་འོང་།
           ཟླ་9པའི་ཚེས་1ནས་ཚེས་5ཉིན་བར་ཀྲུང་ཧྭ་རྒྱལ་ཡོངས་སྤུན་ཟླ་ཐའེ་དབན་བའི་མཐུན་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི“རྒྱུད་གཅིག་ལམ་གཅིག”གི་ངོགས་གཉིས་ཀྱི་གསར་འགོད་པའི་ལྟ་སྐོར་འཚམས་འདྲི་ཚོགས་པ་ས་ཚིགས་མཇུག་ཤོས་ཡིན་པའི་མཚོ་སྔོན་དུ་འབྱོར་བ་དང་། སྤྱི་ལེ་ཉིས་སྟོང་གི་ལམ་བར་དུ་གནའ་བོའི་དར་གོས་ལམ་བུའི་ལྷོ་རྒྱུད་ལམ་ཐིག་གི་ཡུལ་སྲོལ་གོམས་འདྲིས་ཉམས་ལེན་བྱས་ཤིང་། “རི་བོ་མཐོ་བ་དང་། ཆུ་སྣ་རིང་བ། མཛེས་སྡུག་ལྡན་པ”ཞེས་ཚོགས་པའི་ནང་གི་ཐའེ་དབན་གྱི་སྨྱན་སྦྱོར་བས་བསྔགས་བརྗོད་མགྲིན་གཅིག་ཏུ་བྱས།
          “ལོ་30ཡི་གོང་དུ་རང་ཉིད་སློབ་གྲྭ་ཐོན་མ་ཐག་ཐའེ་དབན་གྱི་དམག་མི་རྒན་གྲས་ཀྱི་གཉེན་འཕྲད་ཚོགས་པ་དང་མཉམ་དུ་སྐམ་ས་ཆེ་མོར་འགྲོ་མྱོང་ཡོད། ཧྲང་ཧའེ་དང་པེ་ཅིང་དུ་བསྐྱོད་རྗེས་ངས་རྡོག་ཁྲེས་རྒྱབ་ཏུ་ཁུར་ནས་མེ་འཁོར་ནང་བསྡད་དེ་མཚོ་སྔོན་དུ་བསྐྱོད་པ་ཡིན། སྐབས་དེ་དུས་རང་ཉིད་ཀྱིས་སྐུ་འབུམ་བྱམས་པ་གླིང་དང་མཚོ་སྔོན་པོར་ཐེངས་དང་པོ་ཕྱིན་པ་ཡིན། བསམ་ཡུལ་ལས་འདས་པར་ལོ་30སོང་རྗེས་སླར་ཡང་དེ་གར་སླེབས་བྱུང་བས་དངོས་གནས་ལས་དབང་རང་རེད”ཅེས་ཐའེ་དབན་གྱི་སྣེ་སྟོན་ཚགས་པར་གྱི་གསར་འགོད་པ་ཚའེ་ཧྲུའུ་ཅོན་གྱིས་བོད་བརྒྱུད་ནང་བསྟན་གྱི“དགེ་ལུགས་པའི་དགོན་སྡེ་ཆེན་པོ་དྲུག”གི་གྲས་ཤིག་ཡིན་པའི་སྐུ་འབུམ་བྱམས་པ་གླིང་གི་གནས་བབ་སྔར་བཞིན་ཡག་པོ་ཡོད་པ་མཐོང་སྐབས་དགའ་ཚོར་ཆེན་པོ་སྐྱེས་བྱུང་ཞེས་བཤད།
          སྐུ་འབུམ་བྱམས་པ་གླིང་ནས་ཁ་བྲལ་སྐབས་ཁོང་གིས་ལྟ་སྐོར་འཚམས་འདྲི་ཚོགས་པའི་སྐད་འཕྲིན་གྲོགས་ཚོགས་ནང་འདྲ་པར་ཞིག་བསྐུར་བ་དེའི་ནང་གི་མཚོན་རྟགས་རང་བཞིན་ལྡན་པའི་མཆོད་རྟེན་དཀར་པོ་བརྒྱད་གྲལ་སྟར་འགྲིག་པ་དང་མཁའ་དབྱིངས་སུ་སྤྲིན་དཀར་ཚོམ་བུར་འཁྲིགས་ལ། ཉེ་དུས་གསར་དུ་ཉམས་གསོ་བྱས་པའི་མཆོད་རྟེན་ཐོག་ཉི་འོད་འཕྲོས་པས་འོད་ཆེམ་ཆེམ་དུ་སྣང་། ཚའེ་ཧྲུའུ་ཅོན་གྱིས“ངའི་བསམ་པར་བོད་རིགས་ས་ཁུལ་གྱི་དད་སེམས་ཧ་ཅང་གིས་དྭངས་གཙང་ལྷད་མེད་ཡིན་པ་དང་དེ་ལས་བྱུང་བའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་ལོ་རྒྱུས་ལ་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ནུས་ལྡན་པས་དེ་ནི་མཚོ་སྔོན་དུ་ཡུལ་སྐོར་བྱེད་འདོད་པའི་ཁྱད་ཆོས་ཤིག་རེད་སྙམ་གྱི་འདུག”ཅེས་བཤད།
          མཚོ་སྔོན་པོར་གནམ་གཤིས་ཡག་པོ་དེ་ཙམ་བསྟན་མེད་མོད། འོན་ཀྱང་ལྟ་སྐོར་འཚམས་འདྲི་ཚོགས་པའི་ཁོངས་མི་ཚོས་སྤྲོ་སྣང་ཆེན་པོས་གྲུ་གཟིངས་ནང་བསྡད་དེ་མཚོར་སྐྱོད་པ་དང་ཆར་པར་མི་འཛེམ་པར་མཉམ་དུ་འདྲ་པར་བརྒྱབ་ཡོད། “དེ་སྔ་མཚོ་སྔོན་པོ་ཟེར་བ་དེ་སློབ་དེབ་ཐོག་ནས་མཐོང་མྱོང་ཡོད་པ་ཙམ་ཡིན། ད་ཆ་འདྲེན་བྱེད་མདུན་དུ་དངོས་སུ་འཆར་བྱུང” “རང་ཉིད་ཀྱི་སྨྱུག་རྩེར་བརྟེན་ནས་ཐའེ་དབན་གྱི་དམངས་ཚོགས་དེ་བས་མང་བས་སྐམ་ས་ཆེ་མོའི་བརྗིད་ཆགས་ཡིད་དུ་འོང་བའི་རི་ཆུ་ཤེས་རྟོགས་ཐུབ་རེ་ཡོད”ཅེས་ཐའེ་དབན་ཀྲུང་གོ་དཔྱད་གཏམ་གསར་འགྱུར་ཁང་གི་གསར་འགོད་པ་ལིན་ཀུའུ་ལུང་གིས་བཤད།
         ཚྭ་འདམ་གཤོང་སར་གནས་པའི་ཚྭ་ཁ་མཚོ་ནི་ད་ཐེངས་སྤུན་ཟླ་ཐའེ་དབན་བས་རེ་སྒུག་ཆེ་ཤོས་བྱེད་པའི་ས་ཚིགས་ཤིག་ཡིན་པ་དང་། “བར་སྣང་གི་མེ་ལོང”ཞེས་པའི་མཚན་སྙན་ཡོད་པའི་ལྷན་སྐྱེས་ཀྱི་ཚྭ་མཚོ་དེར་ཡུལ་སྐོར་གསར་སྤེལ་གྱི་ལོ་རྒྱུས་རིང་པོ་མེད་མོད། འོན་ཀྱང་ཐའེ་དབན་གྱི་དྲ་གྲོགས་ཚོ་སྔ་ས་ནས་འགྲོ་འདོད་བྱ་ཡུལ་ཞིག་ཏུ་གྱུར་ཡོད།
          རི་ཆུ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས་ལ་ཡུལ་སྐོར་བྱེད་པ་ཕུད་ལྟ་སྐོར་འཚམས་འདྲི་ཚོགས་པས་ད་དུང་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྟོག་ཞིབ་བྱས་པ་རེད། མཚོ་ནུབ་ཀྲོའུ་ཏ་ཀེ་ལེ་ཤང་ཁྲ་ན་གྲོང་ཚོའི་འདྲེ་ཚེར་མའི་རྟེན་གཞིར་མིའི་གཟུགས་པོའི་རིང་ཚད་ཀྱི་ཕྱེད་ཀ་ཙམ་དུ་སླེབས་པའི་འདྲེ་ཚེར་མའི་སྡོང་པོས་ཁེངས་པ་དང་། དམར་མདངས་བཀྲ་བའི་འབྲས་བུའི་ཁུར་གྱིས་ཡལ་ག་དུད། འདྲེ་ཚེར་མ་སོས་པ་མཐོང་ཐེངས་དང་པོ་ཡིན་སྟབས་ངོགས་གཉིས་པོའི་སྨྱན་སྦྱོར་གྱི་ལས་རིགས་གཅིག་པའི་མི་སྣས་འཚང་ཁ་ཤིག་ཤིག་ངང་པར་བླངས་པ་དང་། འདྲེ་ཚེར་མའི་ར་བ་གཉེར་སྐྱོང་བྱེད་མཁན་ཞིང་པར་མཐའ་བསྐོར་ནས་སྐད་ཆ་བར་མེད་དྲིས།
          ཐའེ་དབན་གྱི་NOWnewsགསར་འགྱུར་པུའི་གསར་འགོད་པ་ཕེང་ཝེ་ལིན་གྱིས་འགོ་བརྗོད་དུ་《ས་མཐོའི་གསེར་དམར། མཚོ་སྔོན་གྱི་འདྲེ་ཚེར་མ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བ་》ཞེས་འཁོད་པའི་གསར་འགྱུར་མཚན་བསྟུད་མར་བྲིས་ཏེ“འདྲེ་ཚེར་མ་འདི་ཉིད་ས་མཐོའི་ཐོག་གི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཞིང་ལས་ཐོན་ཟོག་གལ་ཆེན་དུ་གྱུར་ཡོད”ཅེས་བསྔགས་བརྗོད་བྱས། ཁོང་གིས་གསར་འགྱུར་འདོན་སྤེལ་བྱས་རྗེས་གླིང་ཕྲན་ནང་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་དང“གྲོགས་པོ་མང་པོ་ཞིག་གིས་ལན་ཧྲུའུ་དྲ་ཚིགས་ཐོག་ང་ལ་འདྲེ་ཚེར་མ་ཉོ་འདོད་ཡོད་པའི་ལན་བཞག་འདུག”ཅེས་བཤད།
           ཁོང་གིས་ད་དུང་ཞིང་ལས་ནི་ཐའེ་དབན་ཚོང་པས་ཚོང་གཉེར་བྱ་རྒྱུར་བསམ་གཞིག་བྱེད་ཆོག་པའི་ཁྱབ་ཁོངས་ཡིན་པའི་ངོས་འཛིན་བྱས་ཡོད། “ད་ཐེངས་ཧྲའན་ཤིས་དང་། ཀན་སུའུ། མཚོ་སྔོན་བཅས་སུ་ལྟ་སྐོར་འཚམས་འདྲི་བྱེད་པའི་ཐའེ་དབན་གྱི་ཚོང་པ་མང་པོ་མེད་པའི་རྒྱུ་མཚན་ནི་ངས་བྱས་ན་ས་བབ་མཐོ་བའི་ཁར་མི་རིགས་ཀྱི་རིག་གནས་རྒྱུ་རྐྱེན་ཡོད་པས་ཐའེ་དབན་ནམ་ཡང་ན་སྐམ་ས་ཆེ་མོའི་ཤར་རྒྱུད་མཚོ་རྒྱུད་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལ་དཔེ་ལྟ་ཁག་པོ་ཡོད་པའི་ངོས་འཛིན་བྱེད་ཀྱི་འདུག”ཅེས་ལོ་མང་རིང་སྐམ་ས་ཆེ་མོའི་གསར་འགྱུར་འགོད་མཁན་གསར་འགོད་པ་བསླབ་པ་རྒན་གྲས་དེས་དེ་ལྟར་བཤད་པ་དང་། ཐའེ་དབན་དུ་ཚང་མས་ཁས་ལེན་པའི་སྔོན་ཐོན་གྱི་ཞིང་ལས་ལག་རྩལ་ཡོད་པས་ས་མཐོའི་དེང་དུས་ཞིང་ལས་འཕེལ་རྒྱས་གཏོང་བའི་ཚན་རྩལ་དགོས་མཁོ་དང་ཟུང་འབྲེལ་བྱས་ཚེ་མཉམ་ལས་ཀྱི་གོ་སྐབས་རྙེད་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བཤད་པ་རེད།
           མཚོ་སྔོན་དུ་སྡོད་རིང་། ལྟ་སྐོར་འཚམས་འདྲི་ཚོགས་པས་ད་དུང་ཁུ་ནུ་རི་བོའི་གཏེར་ཆུའི་བཟོ་གྲྭ་དང་། ཚྭ་མཚོའི་ཅཱ་ལུད་བཟོ་གྲྭ གོར་མོའི་སྣུམ་བཙོ་སྦྱངས་བཟོ་གྲྭ་བཅས་སུ་རྟོག་ཞིབ་བྱས་པ་རེད། ཁུ་ནུ་རི་བོའི་གཤམ་དུ་ལངས་ནས་ཐའེ་དབན་གྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་གསར་འགྱུར་དྲ་ཚིགས་ཀྱི་སྤྱི་ཁྱབ་ལྟ་ཞིབ་པ་ཀྲེང་ཝེ་ཞུང་གིས་གསར་འགོད་པར་དོ་ཁུར་ཡུན་རིང་བྱས་པའི་མཚོ་བོད་ལྕགས་ལམ་དངོས་སུ་མཐོང་བྱུང་། “མཁའ་ལམ”དེའི་ལས་གྲྭའི་དོན་སྙིང་དང་ཚན་རྩལ་འདུས་ཚད་ཤེས་རྟོགས་ཐུབ་བྱུང་བས་སེམས་འགུལ་ཆེན་པོ་ཐེབས་བྱུང་། “དཔེ་ཆ་ཁྲི་གཅིག་ཀློག་པ་ལས་ལེ་དབར་ཁྲི་ཡི་ལམ་བུར་བསྐྱོད་ན་བཟང་། ཐའེ་དབན་གྱི་གཞོན་ནུ་ཚོས་འདིར་ཡོང་ནས་ཡངས་ཞིང་རྒྱ་ཆེ་བའི་ནུབ་བྱང་ཆེན་པོ་དེར་བལྟ་བ་དང་ཐའེ་དབན་དང་གཏན་ནས་མི་འདྲ་བའི་མཛེས་ལྗོངས་དེར་བལྟ་བར་ཡོང་རྒྱུའི་རེ་བ་ཡོད”ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།