འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི"རྨང་གཉིས་མཉམ་འགུལ"མཉམ་ལས་དངུལ་བུན་གྱིས་ཞིང་འབྲོག་པ་ཁྲི་60
    ལྷག་ཙམ་ལ་ཕན་པ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་25ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་18ཉིན། མཚོ་སྔོན་ཞིང་ཆེན་གྱིས་དངུལ་རྩའི་ཞབས་ཞུ་སྒྲིག་གཞི་ཁག་ལ་རྒྱ་ཆེའི་ཞིང་འབྲོག་ཁུལ་དུ“རྨང་གཉིས་མཉམ་འགུལ”གྱི་མཉམ་ལས་དངུལ་བུན་གཏོང་རྒྱུའི་སྣེ་ཁྲིད་བྱས་པས། ཉེ་བའི་ལོ་གཉིས་རིང་ཞིང་འབྲོག་ཁུལ་ཁག་གཅིག་གི་དངུལ་རྩའི་རྨང་གཞི་ཞན་པ་དང་ཞབས་འདེགས་ཞུ་ཡུལ་ཆེ་བའི་དཀའ་གནད་ཐག་གཅོད་བྱས་ཏེ་ཞིང་འབྲོག་མང་ཚོགས་ཁྲི་60ལྷག་ཙམ་ལ་དབུལ་སྒྲོལ་ཕྱུག་འགྱུར་བྱེད་རོགས་བྱས་པ་རེད།
         ཝང་ཧེང་ཅུན་གྱི་ཁྱིམ་ཚང་ནི་ད་ཆ་མཚོ་སྔོན་ཞིང་ཆེན་མོན་ཡོན་ཧུད་རིགས་རང་སྐྱོང་རྫོང་ཆིང་ཧྲི་ཙུའེ་གྲོང་རྡལ་ཞཱ་ཏཱ་ཐན་གྲོང་ཚོའི་ཕྱུག་འགྱུར་དུད་ཚང་ཞིག་ཡིན་མོད། ལོ་གཉིས་ཀྱི་གོང་དུ་གྲོང་ཚོ་དེའི་དཔེ་མཚོན་གྱི་དུད་ཚང་དབུལ་པོ་ཞིག་ཡིན་པ་རེད།
        “སྐབས་དེར་ཕྲུ་གུ་གཉིས་ཀ་སློབ་ཆེན་དུ་འགྲོ་བཞིན་ཡོད་ལ། ཞིང་ཁ་མུའུ་ཁ་ཤས་དང་ངས་ལས་ཀ་ཙག་ཙིག་བྱས་པའི་ཡོང་འབབ་ཁོ་ན་སྒོར་2000ཡང་མི་ཟིན་པས་དཀའ་ངལ་ཧ་ཅང་ཆེན་པོ་ཡོད།”“སྲིད་གཞུང་དང་གྲོང་གསེབ་ཚོང་ལས་དངུལ་ཁང་གི་དབུལ་སྐྱོར་ལས་དོན་རུ་ཁག་ཧ་ཅང་དྲིན་ཆེན་པོ་ཡིན། ཁོང་ཚོས་རང་འགུལ་གྱིས་ངའི་ཁྱིམ་དུ་ཡོང་བ་དང་གནས་ཚུལ་ཤེས་རྟོགས་བྱས་རྗེས་ང་ལ་དངུལ་བུན་སྤྲད་བྱུང”ཞེས་ཝང་ཧེང་ཅུན་གྱིས་བརྗོད་པ་རེད།
         2015ལོར། ཝང་ཧེང་ཅུན་གྱིས་མོན་ཡོན་གྲོང་གསེབ་ཚོང་ལས་དངུལ་ཁང་ཆིང་ཧྲི་ཙུའེ་ཉིང་ལག་དངུལ་ཁང་གིས་བཏང་བའི་སྒོར་ཁྲི་གཅིག་གི་དངུལ་བུན་གྱིས་བེའུ་3ཉོས་པ་དང་། ལོ་གཉིས་ཀྱི་རྗེས་སུ་གླང་གོག་7གསོ་ཚགས་བྱས་པ་རེད།
        “ལོ་རེར་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་འདུག” 2016ལོར་གྲོང་གསེབ་ཚོང་ལས་དངུལ་ཁང་གི་ལས་དོན་མི་སྣས་བཅར་འདྲི་བྱས་རྗེས་དུད་ཚང་དབུལ་པོ་ཁོ་ནར་དམིགས་པའི་ཁག་ཐེག་དང་གཏའ་མ་མི་དགོས་པའི་སྐྱེད་མེད་དབུལ་སྐྱོར་གྲངས་ཉུང་ཡིད་རྟོན་དངུལ་བུན་སྒོར་ཁྲི་3ཡང་བསྐྱར་བཏང་བྱུང་བས། འཕེལ་རྒྱས་གཏོང་བའི་མ་དངུལ་རག་བྱུང་ཞེས་ཝང་ཧེང་ཅུན་གྱིས་བརྗོད་པ་རེད།
         “རྨང་གཉིས་མཉམ་འགུལ”གྱི་མཉམ་ལས་དངུལ་བུན་ནི་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་དང་གཞི་རིམ་དངུལ་རྩའི་སྒྲིག་གཞིས་མཉམ་ལས་བྱེད་པར་བརྟེན་ནས་ཞིང་འབྲོག་དུད་ཚང་ལ་ཡིད་རྟོན་རིམ་པ་དཔྱད་བསྡུར་བྱེད་པ་དང་། དངུལ་བུན་གཏོང་བ། དངུལ་བུན་དོ་དམ་བྱེད་པ་བཅས་ལ་ཟེར། གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱིས་དུད་ཚང་རེ་རེའི་ཐོན་སྐྱེད་འཚོ་བ་དང་ཡིད་རྟོན་ཆ་འཕྲིན་དངུལ་ཁང་ལ་ཞུས་ཏེ། དངུལ་ཁང་གིས་དངུལ་བུན་སྤྲོད་རྒྱུར་རྨང་གཞི་མཁོ་འདོན་བྱས་པས་ཞིང་འབྲོག་ཁུལ་གྱི་དངུལ་རྩའི་དབུལ་སྐྱོར་གྱི་ཞབས་ཞུ་ལས་སྟེགས་ཧ་ཅང་ཆེ་རུ་ཕྱིན་ཡོད་པ་རེད།
         “རྨང་གཉིས་མཉམ་འགུལ”གྱི་མཉམ་ལས་དངུལ་བུན་སྤྲོད་སྟངས་གསར་པ་ལོ་གཉིས་རིང་ལག་བསྟར་བྱས་པ་བརྒྱུད་ཡིད་རྟོན་དབུལ་བུན་ལས་དོན་ཞིང་ཆེན་དེ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ60%ཙམ་ལ་ཁྱབ་ནས་ཞིང་འབྲོག་མང་ཚོགས་ཁྲི་60ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།