འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།'འཛམ་གླིང་ཡང་རྩེར"ཚེ་སྲོག་སྐྱོབ་པའི་ངོ་མཚར་བཏོད། ལེ་དབར་སྟོང་ནས་བོད་རིགས་
    ཨ་ཅག་བསྐྱབས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་24ཉིན། 14:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། སྤྱི་ལེ་654ཆོད་པ་དང་ས་བབ་སྨི་4000ཡན་ཡོད་པའི་གངས་རི་ཆེན་པོ་4ཡིས་ཆད་ཀྱང་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་ནང་སྲོག་ལ་ཉེན་ཁ་འཕྲད་པའི་བོད་རིགས་བུད་མེད་སྒྲོལ་དཀར་ལྷ་མོ“རྒྱང་བསྟེན་ནད་དཔྱད”བརྒྱུད་མྱུར་སྐྱོབ་ཐུབ་པ་རེད། གསར་འགོད་པས་ལི་ཐང་རྫོང་ཨུད་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱས་པར། ཟླ་9ཚེས་1ཉིན“བོད་སྐྱོར་སྨན་བཅོས+རྒྱང་ཁྲིད་ནད་དཔྱད”མ་ལག་སྤྱད་ནས་འཛམ་གླིང་ཡང་རྩེའི་མཚོ་བོད་ས་མཐོར་ཚེ་སྲོག་སྐྱོབ་པའི་ངོ་མཚར་བཏོད།
            ལོ་37ལ་སླེབས་པའི་སྒྲོལ་དཀར་ལྷ་མོ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལི་ཐང་རྫོང་གི་གྲོང་མི་ཡིན་པ་དང་། ཟླ་9ཚེས་1ཉིན་ཁོང་གློ་བུར་དུ་མགོ་ན་བ་དང་། སྐྱུག་མེར་ལངས་པ། སྐྱུག་པ་ཤོར་བ་བཅས་བྱས་པས་ལི་ཐང་རྫོང་མི་དམངས་སྨན་ཁང་དུ་ནད་བལྟ་བར་བསྐྱོད། ཁྲེང་ཏུའུ་གྲོང་ཁྱེར་ཤིན་ཏུའུ་ཆུས་བོད་སྐྱོར་སྨན་པ་ཧོང་ཤུན་གྱིས་མགྱོགས་མྱུར་ནད་ཁྲི་16ཀྱི་ནད་པར་ལྟ་བར་བསྐྱོད་སྐབས་ནད་པའི་གདོང་གཤིས་སྐྱོ་བ་དང་། རྔུལ་ཆུས་ཚོས་པ། སྙིང་གི་འཕར་ཤུགས་ཆེ་བ་བཅས་ཡོད་པ་ཤེས།
          ནད་པའི་ནང་མིའི་ནང་ཁྲག་ཤེད་མཐོ་བའི་ནད་ཕོག་མྱོང་མེད་པ་ཤེས་པ་དང་ལོ་མང་གི་ནད་བརྟག་ཉམས་མྱོང་ལས་ནད་པ་དེར“མཁལ་མགོའི་གཤེར་རྨེན་ལ་ཕྲ་ཕུང་སྐྲན་སྐྱེས་ཡོད་པའི”རྐྱེན་གྱིས་ཁྲག་ཤེད་འཕར་བ་ཡིན་ནམ་སྙམ་ནས་འཕྲལ་མར་སྨན་བཅོས་བྱས་པ་དང་ནད་ཀྱི་གནས་ཚུལ་བརྟན་པོ་བྱུང་རྗེས་CTབརྒྱབ་ནས་མུ་མཐུད་བརྟག་དཔྱད་བྱས་པ་རེད།
         ས་བབ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4000ཡོད་པའི་ལི་ཐང་རྫོང་གྲོང་དེ་མཚོ་བོད་ས་མཐོའི་ཤར་རྒྱུད་དུ་གནས་ཡོད་པས“འཛམ་གླིང་གི་མཐོ་གྲོང”ཞེས་བརྗོད་ཀྱི་ཡོད། ས་གནས་དེ་གའི་སྨན་ཁང་གིས་ནད་དེ་རིགས་ལ་CTབརྒྱབ་ཐེངས་དང་པོ་ཡིན་པས་གློག་པར་གྱི་ནད་བརྟག་སྙན་ཞུ་ཡང་འབྲི་ཐབས་བྲལ།
         “ཧྭ་ཤིས་སྨན་ཁང་དང་། ཤིན་ཏུའུ་ཆུས་མི་དམངས་སྨན་ཁང་། ལི་ཐང་རྫོང་མི་དམངས་སྨན་ཁང་བཅས་ཀྱི་རྒྱང་ཁྲིད་གསོ་རིག་བརྙན་པར་ལྟེ་གནས”མ་ལག་བརྒྱུད་ནད་པའི་CTལ་དྲ་ཐོག་ནས་ནད་དཔྱད་བྱས་པ་རེད།
          བརྟག་དཔྱད་བྱས་པ་བརྒྱུད། “མཁལ་མགོའི་གཡོན་ངོས་སུ་ཕྲ་ཕུང་སྐྲན་ཡོད་པ”ཤེས་འཕྲལ་སྨན་བཅོས་བྱས་པས་སྒྲོལ་དཀར་ལྷ་མོའི་སྲོག་སྐྱོབ་ཐུབ་པ་བྱུང་ཡོད། སྨན་བཅོས་བྱས་པ་ནས་སྲོག་སྐྱོབ་པའི་བར་ཆུ་ཚོད་ཕྱེད་ཀ་ཙམ་ལས་འགོར་མེད།
          རང་རྒྱལ་སྲིད་གཞུང་གིས་ལོ་མང་རིང་མཚོ་བོད་ས་མཐོ་སོགས་བོད་རིགས་ས་ཁུལ་དུ“བོད་སྐྱོར་སྨན་བཅོས་རུ་ཁག”གཏོང་རྒྱུ་མཐའ་འཁྱོངས་བྱས་པའི་ནང་ཁྲེང་ཏུའུ་གྲོང་ཁྱེར་ཤིན་ཏུའུ་ཆུས་ཀྱིས་ལི་ཐང་རྫོང་ལ་རོགས་སྐྱོར་བྱེད་ཀྱི་ཡོད། 2017ལོའི་ཟླ་6པར་ལི་ཐང་དང་ཁྲེང་ཏུའུ་བར་གྱི“རྒྱང་ཁྲིད་གསོ་རིག་ལྟེ་གནས”དངོས་སུ་སྤྱོད་འགོ་ཚུགས་པ་དང་ཁྲེང་ཏུའུ་གྲོང་ཁྱེར་ཤིན་ཏུའུ་ཆུས་ཀྱིས་ལོ་5ཡི་ནང་རྒྱང་ཁྲིད་ནད་དཔྱད་མ་ལག་གི་གྲོན་དངུལ་དང་། དྲ་བའི་གཉེར་སྐྱོང་གྲོན་དངུལ། རིགས་གཅིག་མཁས་ཅན་གྱི་ནད་བརྟག་ཞབས་ཞུའི་གྲོན་དངུལ་བཅས་ཚང་མ་འགན་འཁུར་རྒྱུ་རེད། གསོ་རིག་བརྙན་པར་གྱི་ནད་བལྟ་སྨན་བཅོས་དེ་ལི་ཐང་རྫོང་སྨན་ཁང་དང་། ཤིན་ཏུའུ་ཆུས་སྨན་ཁང་། སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་བཅས་དང་འབྲེལ་མཐུད་བྱས་ཡོད་པས་ལི་ཐང་གི་ནད་པས་ས་མཐོ་ནས་ཁྲེང་ཏུའི་རིམ་གསུམ་སྨན་ཁང་གི་ཞབས་ཞུ་དུས་གཅིག་ཏུ་ལོངས་སྤྱོད་ཐུབ་པར་བརྟེན་སྨན་བཅོས་མྱུར་སྐྱོབ་ནད་དཔྱད་ཀྱི་ཆུ་ཚད་ལེགས་སུ་ཕྱིན་པ་མ་ཟད། ནད་པའི་སྨན་བཅོས་ཀྱི་ཁུར་པོའང་ཡང་དུ་ཕྱིན་ཡོད།
          ཟླ་9ཚེས་4ཉིན་ཉེན་ཁ་ལས་ཐར་བའི་སྒྲོལ་དཀར་ལྷ་མོ་བོད་སྐྱོར་སྨན་བཅོས་རུ་ཁག་གིས་འབྲེལ་བ་བྱས་རྗེས་ཁྲེང་ཏུའུ་363སྨན་ཁང་དུ་བསྐྱལ་བས་རྦད་དེ་དྲག་སྐྱེད་ཐུབ་རེ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།