འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་བོད་རིགས་ས་ཁུལ་གྱིས་སྲོལ་རྒྱུན་རིག་གནས་ཁྲོད་ནས་དབུལ་སྐྱོར་གྱི་སྒུལ་ཤུགས་
    གསར་པ་བསྔོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་25ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཐང་ག་བཞེངས་ཁང་གི་གཞོགས་ཤིག་ལ་ཐང་གའི་འབྲི་སའི་སྒྲོམ་བང་བསྒྲིགས་ནས་བཞག་འདུག་ལ། སློབ་མ་བཅུ་གྲངས་ཁ་ཤས་སྤྱི་ཁོག་འབྲི་སྟངས་དང་ཚོན་གཏོང་སྟངས་སྦྱོང་བཞིན་འདུག ཁུག་ཀྱོག་ཞིག་ཏུ་བོད་ཆས་རྫ་མདོག་གྱོན་པའི་ཕོ་གཞོན་ཞིག་གིས་སྤུ་སྨྱུག་འཐོགས་ནས་བྲིས་ཟིན་པའི་སྐུ་འདྲར་ཚོན་གཏོང་བཞིན་འདུག ཁོང་གི་མིང་ལ་པད་མ་ཟེར་བ་དང་ད་ལོ་ལོ་24སླེབས་འདུག ཁོང་གིས་ངོ་ཚ་སྨིན་པོས་གསར་འགོད་པར“ཐང་གའི་རིག་གནས་ཀུང་སིའི་དགེ་རྒན་ཞིག་བྱེད་འདོད་ཡོད། གླ་ཕོགས་རག་རྗེས་ཨ་མར་རོགས་པ་བྱས་ནས་འཚོ་བའི་འགན་ཁུར་རྒྱུ་ཡིན”ཞེས་བརྗོད་བྱུང་།
         པད་མ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བྲག་འགོ་རྫོང་ཡར་སྡེ་ཤང་འཇང་མདའ་གྲོང་ཚོའི་ཁྱིམ་ཚང་དབུལ་པོ་ཞིག་ལ་སྐྱེས་པ་དང་ལོ་བདུན་ལ་སོན་སྐབས་ཨ་ཕ་རི་ལ་ཤིང་གཅོད་པར་འགྲོ་སྐབས་སྟབས་མི་ལེགས་པར་གྲོངས་པ་རེད། ད་ཆ་ཨ་མས་ཞིང་ལས་བྱས་ཏེ་ཁྱིམ་ཚང་གི་འཚོ་བ་སྐྱོང་གི་ཡོད། པད་མ་མི་རིགས་ལག་ཤེས་བཟོ་རྩལ་ལག་རྩལ་གྱི་གསོ་སྦྱོང་རྟེན་གཞིར་ཐང་ག་སྦྱངས་ནས་ལོ་གཉིས་འགྲོ་བ་དང་ལོ་དེ་དག་ནང་སློབ་ཡོན་དངུལ་ཧྥིང་གཅིག་ཡང་སྤྲོད་དགོས་བྱུང་མེད།
         པད་མ་ཐང་ག་སྦྱོང་སའི་མི་རིགས་ལག་ཤེས་བཟོ་རྩལ་གྱི་གསོ་སྦྱོང་རྟེན་གཞི་དེ་བྲག་འགོ་རྫོང་གིས་ས་གནས་དེ་རང་གི་ཁྱད་ཆོས་སྔོག་འདོན་གྱིས་སྲོལ་རྒྱུན་མི་རིགས་ལག་ཤེས་བཟོ་རྩལ་ལ་བརྟེན་ནས་གནད་སྨིན་དབུལ་སྒྲོལ་ལ་སྣེ་ཁྲིད་ཐུབ་ཆེད་བཙུགས་པ་ཞིག་རེད། དཀར་མཛེས་དབུས་བྱང་རྒྱུད་དུ་ཡོད་པའི་བྲག་འགོ་རྫོང་དུ་མི་རིགས་ཀྱི་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ལ་དེ་ནི་སྐད་གྲགས་ཡོད་པའི་ཐང་གའི་སློབ་དཔོན་རྣམ་རྒྱལ་གྱི་ཕ་ཡུལ་ཡང་རེད། 2008ལོར་རིག་གནས་པུས་བྲག་འགོ་རྫོང་ལ“ཀྲུང་གོའི་དམངས་སྲོལ་སྒྱུ་རྩལ་གྱི་ཕ་ཡུལ། ཐང་གའི་ཕ་ཡུལ”ཞེས་པའི་མཚན་སྙན་སྤྲད་པ་དང་ཆབས་ཅིག་བྲག་འགོ་རྫོང་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་གཙོ་བོ་རེད། གསར་འགོད་པར་བྲག་འགོ་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་ནས་ལས་འདི་ལོའི་ཟླ་བ་དགུ་པའི་བར་རྫོང་དེ་ཡོངས་སུ་དུད་ཚང་དབུལ་པོ་2392དང་མི་9775ཡོད་པ་ཤེས་བྱུང་།
          གསར་འགོད་པས་ཤེས་རྟོགས་བྱས་པར། མི་རིགས་ལག་ཤེས་བཟོ་རྩལ་གྱི་གསོ་སྦྱོང་རྟེན་གཞི་དེ་2012ལོར་བཙུགས་པ་དང་བྲག་འགོ་རྫོང་གི་ཁེ་བཟང་དོན་དུ་མི་གཉེར་བའི་གསོ་སྦྱོང་སྒྲིག་གཞི་འབའ་ཞིག་དེ་རེད་ཐང་ག་འཛིན་གྲྭའི་སློབ་ཡུན་ལོ་དྲུག་ཡིན་པ་དང་གཙོ་བོ་རྣམ་རྒྱལ་ཐང་གའི་འབྲི་རྩལ་སློབ་ཀྱི་ཡོད། དགེ་རྒན་ཚང་མ་ནི་བོད་རིགས་ས་ཁུལ་དུ་སྐད་གྲགས་ཡོད་པའི་ཐང་གའི་དགེ་རྒན་ཤ་སྟག་ཡིན་པ་རེད།
         བྲག་འགོ་རྫོང་ཐང་ག་མཐུན་ཚོགས་ཀྱི་ཚོགས་གཙོ་བློ་གྲོས་དབུ་ཆེན་གྱིས“སློབ་ཡོན་དང་། དེབ་ཀྱི་དངུལ། ཁང་གླ་བཅས་ལེན་གྱི་མེད། སློབ་གྲྭ་ཐོན་རྗེས་རྣམ་རྒྱལ་ཐང་ག་རིག་གནས་ཚད་ཡོད་ཀུང་སིར་ལས་ཀ་སྤྲོད་པ་དང་སློབ་མའི་ལག་ཤེས་ཡག་སྡུག་ལ་གཞིགས་ནས་གླ་ཆ་སྤྲོད་ཀྱི་ཡོད”ཅེས་བརྗོད་བྱུང་།
         བྲག་འགོ་རྫོང་ཧྲེ་ཧོར་ཤང་སྟག་འགོ་གྲོང་ཚོའི་དཔལ་ལྡན་དཔལ་གྲགས་སློབ་གྲྭ་ཐོན་ནས་ད་ཆ་ཐང་གའི་རིག་གནས་ཀུང་སི་ཞིག་ཏུ་དགེ་རྒན་བྱེད་ཀྱི་ཡོད་པ་དང་། ཟླ་རེར་གླ་ཕོགས་སྒོར་3000ནས་སྒོར་4000ལེན་རྒྱུ་ཡོད། མིག་སྔའི་བར་སྒྱུ་རྩལ་འཛིན་གྲྭར་ཡོད་པའི་སློབ་མ་50ནང་ནས་85%ནི་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་ཡིན་པ་རེད།
         བྲག་འགོ་རྫོང་གི་རྒྱུན་ལས་རྫོང་དཔོན་གཞོན་པ་བྱམས་པ་ཤེས་རབ་ཀྱིས“ང་ཚོས་སྲོལ་རྒྱུན་སྒྱུ་རྩལ་དང་དབུལ་སྒྲོལ་ཟུང་འབྲེལ་བྱས་ནས་སློབ་མ་ཚོར་ལག་རྩལ་སྣ་གཅིག་ཤེས་པ་བྱས་ཏེ་ལག་རྩལ་གཅིག་ཤེས་པ་དང་། མི་གཅིག་ལས་ཀར་ཞུགས་ཐུབ་པ། དུད་ཚང་གཅིག་དབུལ་སྒྲོལ་ཐུབ་པ་བཅས་ཀྱི་དམིགས་ཚད་འགྲུབ་རྒྱུའི་རེ་བ་ཡོད”ཅེས་བཤད་བྱུང་།
         གསར་འགོད་པར་ཤེས་རྟོགས་བྱུང་བར། བྲག་འགོ་ཙམ་དུ་མ་ཟད། ད་ཆ་སི་ཁྲོན་བོད་རིགས་ས་ཁུལ་མང་པོ་ཞིག་གིས་ས་གནས་དེ་རང་གི་སྲོལ་རྒྱུན་རིག་གནས་ཁྱད་ཆོས་ལ་བརྟེན་ནས་དབུལ་པོའི་གནས་ལས་སྒྲོལ་ཐབས་བྱེད་བཞིན་ཡོད། ས་གནས་ལ་ལས་བོད་རིགས་ས་ཁུལ་གྱི་ཕུན་སུམ་ཚོགས་པའི་རིག་གནས་ལ་བརྟེན་ནས་རིག་གནས་གོམས་སྲོལ་མྱོང་རོལ་ཁུལ་འཛུགས་པ་དང་། ས་གནས་ལ་ལས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཡུལ་སྐོར་དུས་ཆེན་བཏོད་ནས་དབུལ་སྒྲོལ་ཐུབ་པ་བྱས་ཡོད། དེས་ན་རྣམ་གྲངས་མི་ཉུང་བ་ཞིག་བོད་རིགས་ས་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་དང་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྟེགས་བུ་དང་ཐབས་ལམ་གལ་ཆེན་དུ་གྱུར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།