འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།《གཏེར་ལམ་གྱི་བོད་བཙན་པོའི་རིག་གནས་སྐོར་གྱི་རྒྱལ་ཡོངས་རིག་གཞུང་བགྲོ་གླེང་དཔྱད་
    རྩོམ་ཕྱོགས་བསྒྲིགས་》འགྲེམ་སྤེལ་མཛད་སྒོ་ཟི་ལིང་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་18ཉིན། 09:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།《གཏེར་ལམ་གྱི་བོད་བཙན་པོའི་རིག་གནས་སྐོར་གྱི་རྒྱལ་ཡོངས་རིག་གཞུང་བགྲོ་གླེང་དཔྱད་
རྩོམ་ཕྱོགས་བསྒྲིགས་》འགྲེམ་སྤེལ་མཛད་སྒོ་ཟི་ལིང་དུ་འཚོགས་པ།
          མི་དམངས་དྲ་བའི་འཕྲིན། ཉེ་ཆར།  《གཏེར་ལམ་གྱི་བོད་བཙན་པོའི་རིག་གནས་སྐོར་གྱི་རྒྱལ་ཡོངས་རིག་གཞུང་བགྲོ་གླེང་དཔྱད་རྩོམ་ཕྱོགས་བསྒྲིགས་》ཞེས་པའི་དཔེ་དེབ་འདི་ནི་རིག་དངོས་དཔེ་སྐྲུན་ཁང་ནས་དངོས་སུ་པར་སྐྲུན་འགྲེམས་སྤེལ་བྱས་པ་རེད། དཔེ་དེབ་ཕྱོགས་བསྒྲིགས་འདི་ནི་གཏེར་ལམ་གྱི་བོད་བཙན་པོའི་བང་སོ་ལ་ཞིབ་འཇུག་བྱས་པའི་ཆེས་དབང་གྲགས་ལྡན་པའི་རིག་གཞུང་གྲུབ་འབྲས་ཕྱོགས་བསྒྲིགས་ཞིག་ཡིན་ལ། ཕྱོགས་བསྒྲིགས་འདི་རུ་ལོ་བཅུ་ཕྲག་ལྷག་གི་རིང་ལ་པེ་ཅིང་སློབ་ཆེན་དང་། ཅི་ལིན་སློབ་ཆེན། ལན་ཀྲོའུ་སློབ་ཆེན། སི་ཁྲོན་སློབ་ཆེན། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས།   མཚོ་སྔོན་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་སོགས་ཀྱི་རིགས་གཅིག་མཁས་ཅན་ཚུད་པའི་རྒྱལ་ཁབ་ཕྱི་ནང་གི་གནའ་རྫས་རྟོག་ཞིབ་དང་། རིག་དངོས། ལོ་རྒྱུས་རིག་པ།  བོད་རིག་པ་སོགས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་དག་གིས་ཆེད་དོན་ཞིབ་འཇུག་བྱས་པའི་གཏེར་ལམ་གྱི་བོད་བཙན་པོའི་བང་སོ་ལ་ཞིབ་འཇུག་བྱས་པའི་རིག་གཞུང་དཔྱད་རྩོམ་དང་རྩོམ་ཡིག་འདུས་ཡོད་པ་དང་། འདི་རུ་གཏེར་ལམ་གྱི་གནའ་བོའི་བང་སོ་སྔོག་འདོན་དང་། བཙན་པོའི་རིག་གནས་ཞིབ་འཇུག་གཞི་གཅིག་ཏུ་འདུས་ཡོད་ལ། ནང་དོན་ཕུན་སུམ་ཚོགས་པ་དང་། རིག་གནས་དང་རང་བྱུང་ཚན་རིག་ཚན་ཁག  ཡི་གེ་དང་པར་རིས་བཅས་ཕུལ་དུ་བྱུང་བ་ཞིག་བཟོས་ཡོད་པས། རིག་གཞུང་རིན་ཐང་དང་ལོ་རྒྱུས་རིག་གནས་ཀྱི་རིན་ཐང་། ཉར་ཚགས་ཀྱི་རིན་ཐང་བཅས་ལྡན་པ་རེད།
          ཟླ་9ཚེས་16ཉིན་གྱི་སྔ་དྲོར། 《གཏེར་ལམ་གྱི་བོད་བཙན་པོའི་རིག་གནས་སྐོར་གྱི་རྒྱལ་ཡོངས་རིག་གཞུང་བགྲོ་གླེང་དཔྱད་རྩོམ་ཕྱོགས་བསྒྲིགས་》ཅེས་པའི་དཔེ་དེབ་ཀྱི་ཐེངས་དང་པོའི་དཔེ་སྐྲུན་འགྲེམ་སྤེལ་བྱེད་སྒོ་ཟི་ལིང་དུ་འཚོགས་ཤིང་། འགྲེམ་སྤེལ་མཛད་སྒོ་རུ་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རེན་གཞོན་པའམ་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ཚབ་མ་སྟག་འབུམ་ཐར་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ། ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་ཞིབ་འཇུག་པ་ཁ་སྒང་བཀྲ་ཤིས་ཚེ་རིང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་བཀྲ་ལོ། མཚོ་སྔོན་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་འགོ་འཛིན་ཟུར་པ་ཞུའུ་ཤིན་གོ་སོགས་འགོ་ཁྲིད་དང་རིགས་གཅིག་མཁས་ཅན། ཆེད་མཁས་པ་སོགས་མི་30ལྷག་ཞུགས་ཡོད།
          གཏེར་ལམ་གྱི་བོད་བཙན་པོའི་གནའ་ཤུལ་དང་བང་སོ་ཚོགས་ནི་མཐོ་སྒང་གི་གནའ་བོའི་ཤེས་རིག་ཅིག་ཡིན་ལ། འདི་ནི་རྒྱལ་ཁོངས་ཕྱི་ནང་དུ་དོ་ཁུར་ཚད་མེད་བྱེད་པའི་ལོ་རྒྱུས་རིག་གནས་ཀྱི་བང་མཛོད་ཅིག་དང་། མཚོ་སྔོན་གྱི་ཆེས་ལོ་རྒྱུས་རིན་ཐང་ལྡན་ཤོས་དང་རིག་གནས་ཤུགས་རྐྱེན་ལྡན་པའི་ཀྲུང་ཧྭའི་རིག་གནས་ཤུལ་བཞག་ཅིག་རེད། 《གཏེར་ལམ་གྱི་བོད་བཙན་པོའི་རིག་གནས་སྐོར་གྱི་རྒྱལ་ཡོངས་རིག་གཞུང་བགྲོ་གླེང་དཔྱད་རྩོམ་ཕྱོགས་བསྒྲིགས་》ཀྱི་དཔེ་དེབ་ཕྱོགས་བསྒྲིགས་འདི་རུ་དཔྱད་རྩོལ་ལྔ་བཅུ་ཙམ་བསྡུ་སྒྲིག་བྱས་ཡོད་ལ། འདི་ཡིས་རྒྱ་ཆེའི་ཀློག་པ་པོ་ཚོར་བཙན་པོའི་ཤུལ་བཞག་དང་བང་སོ་ལས་གསལ་བའི་གནའ་བོའི་ཤར་ཕྱོགས་ཤེས་རིག་དང་། བོད་བཙན་པོའི་གནའ་རྫས་རྟོག་ཞིབ་རིག་གནས་འགྲེམས་སྟོན་དེ་བས་མང་བ་གསལ་སྟོན་བྱ་རྒྱུ་རེད།
    ༄༅།།《གཏེར་ལམ་གྱི་བོད་བཙན་པོའི་རིག་གནས་སྐོར་གྱི་རྒྱལ་ཡོངས་རིག་གཞུང་བགྲོ་གླེང་དཔྱད་
རྩོམ་ཕྱོགས་བསྒྲིགས་》འགྲེམ་སྤེལ་མཛད་སྒོ་ཟི་ལིང་དུ་འཚོགས་པ།
      

    ཕྱོགས་བསྡུས་གསར་འགྱུར།