འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།"རྒྱུད་གཅིག་ལམ་གཅིག"གིས་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་
    རྒྱུ་ཡིན་པ།

    —— ཨུ་རུ་སུའི་པུ་ལི་ཡ་ཐེ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དཔོན་ཆི་ཅེ་ནོའུ་ཕུའུ་ལ་བཅར་འདྲི་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་25ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “‘རྒྱུད་གཅིག་ལམ་གཅིག’གི་སྒྲོམ་གཞིའི་འོག པུ་ལི་ཡ་ཐེ་དང་ཀྲུང་གོའི་རོགས་ཟླའི་མཉམ་ལས་ཀྱི་མདུན་ལམ་རྒྱ་ཆེན་པོ་ཡོད། ‘རྒྱུད་གཅིག་ལམ་གཅིག’འཛུགས་སྐྲུན་གྱིས་པུ་ལི་ཡ་ཐེའི་འགྲིམ་འགྲུལ་སྐྱེལ་འདྲེན་དང་ཡུལ་སྐོར་ལས་རིགས་སོགས་སྤྱི་ཚོགས་དང་དཔལ་འབྱོར་གྱི་འཕེལ་རྒྱས་ཁག་ལ་སྐུལ་ཁྲིད་ཐུབ་རྒྱུ་རེད”ཅེས་ཨུ་རུ་སུའི་པུ་ལི་ཡ་ཐེ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དཔོན་ཆི་ཅེ་ནོའུ་ཕུའུ་ཡིས་ཉེ་ཆར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད་ཀྱི་འདུག
         ཆི་ཅེ་ནོའུ་ཕུའུ་ཡིས་པུ་ལི་ཡ་ཐེས“རྒྱུད་གཅིག་ལམ་གཅིག”དང་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་འཛུགས་སྐྲུན་སྦྲེལ་མཐུད་མཉམ་ལས་ནང་ཐད་ཀར་ཞུགས་རྒྱུ་དང་། མིག་སྔར་ཀྲུང་ཨུ་མོང་རྒྱལ་ཁབ་གསུམ་གྱིས་《ཨེ་ཤེ་ཡའི་རྒྱུད་ཀྱི་གཞུང་ལམ་དྲ་རྒྱའི་རྒྱལ་སྤྱིའི་འགྲོ་ལམ་སྐྱེལ་འདྲེན་གྱི་སྲིད་གཞུང་དབར་གྱི་གྲོས་མཐུན་》ལ་མིང་རྟགས་བཀོད་ཡོད། ཀྲུང་གོའི་དོས་སྐྱེལ་ལྗིད་ཐེག་རླངས་འཁོར་མོང་གོལ་རྒྱལ་ཁབ་བརྒྱུད་ཨུ་རུ་སུར་བསྐྱོད་ནས་པུ་ཡི་ཡ་ཐེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟེ་བའི་གྲོང་ཁྱེར་ཨུ་ལན་ཨུ་ཏེར་ཐད་ཀར་འབྱོར་པ་དང་། རྗེས་ཨུ་རུ་སུ་ཕྱོགས་ཀྱི་རླངས་འཁོར་གྱིས་དངོས་ཟོག་སྐྱེལ་འདྲེན་བྱེད་ཀྱི་ཡོད། དེས་ཀྲུང་ཨུ་མོང་རྒྱལ་ཁབ་གསུམ་གྱི་ས་ཁོངས་སྒྲོལ་བའི་ཟོག་འདྲེན་ལས་རིགས་འཕེལ་རྒྱས་འགྲོ་ཆེད་རྨང་གཞི་བརྟན་པོ་འདིང་རྒྱུ་རེད། ཀྲུང་གོའི་མ་འཇོག་མཁན་ལ་ལས་པུ་ལི་ཡ་ཐེས་ཟོག་འདྲེན་ལྟེ་གནས་ཆེ་གྲས་འཛུགས་སྐྲུན་བྱེད་པར་མ་འཇོག་བྱེད་འདོད་ཆེན་པོ་ཡོད་ཅེས་བརྗོད་ཀྱི་འདུག
         ཉེ་ལམ་ལོ་ཤས་རིང་། ཀྲུང་གོའི་ཡུལ་སྐོར་བ་དེ་བས་མང་བ་ཨུ་རུ་སུར་ཡུལ་སྐོར་དུ་བསྐྱོད་ཡོད་ཅིང་། “ཤིས་པོ་ལི་ཡའི་མིག་དྭངས”པེ་ཅར་མཚེའུ་མང་ཆེ་བ་པུ་ལི་ཡ་ཐེའི་ས་ཁོངས་སུ་གནས་ཡོད་པ་རེད། ཕུན་སུམ་ཚོགས་པའི་པེ་ཅར་མཚེའུ་ཡི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་པུ་ལི་ཡ་ཐེས་ཡུལ་སྐོར་ལས་རིགས་དེ་འཕེལ་རྒྱས་ཀྱི་སྔོན་འཇོག་ཁ་ཕྱོགས་ཀྱི་གྲས་ཤིག་ཏུ་བརྩིས་ཡོད་པ་རེད།
         ཆི་ཅེ་ནོའུ་ཕུའུ་ཡིས་འདི་ལོ་པུ་ལི་ཡ་ཐེར་ཡུལ་སྐོར་དུ་ཡོང་མཁན་ཀྲུང་གོའི་ཡུལ་སྐོར་བའི་གྲངས་འབོར་མང་དུ་མངོན་གསལ་དོད་པོ་ཕྱིན་ཡོད་མོད། འོན་ཀྱང་ཉེ་འཁོར་ས་ཁུལ་དང་བསྡུར་ཚེ་སྔར་བཞིན་ཉུང་ཉུང་རེད། པུ་ལི་ཡ་ཐེས་ཀྲུང་གོའི་ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་འགུགས་ཐབས་བྱེད་པ་དང་འབྲེལ་སྤུས་ཚད་དེ་བས་ལེགས་པའི་ཞབས་འདེགས་ཞུ་རྒྱུ་ཡིན། དེའི་ཐད་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་དེ་བས་མང་བ་བསྐྲུན་རྒྱུ་ཡིན། ཀྲུང་གོའི་མ་འཇོག་མཁན་འགའ་ཞིག་གིས་པེ་ཅར་མཚེའུ་ཡི་ངོགས་སུ་མགྲོན་ཁང་དང་རྔོན་རྒྱག་ཡུལ་སྐོར་ཁུལ་བསྐྲུན་རྒྱུར་མ་འཇོག་བྱེད་འདོད་ཡོད། འབྱུང་འགྱུར་ཀྲུང་གོའི་ཡུལ་སྐོར་བའི་གྲངས་འབོར་མང་དུ་ཕྱིན་པ་དང་ས་གནས་དེ་གར་ལས་གཏོད་གོ་སྐབས་དེ་བས་མང་བ་གཏོད་རྒྱུའི་རེ་བ་ཡོད་ཅེས་བརྗོད་ཀྱི་འདུག
         ཁོང་གིས“ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཚོགས་ཆེན་ཀྲུང་གོའི་ཁྲེང་ཏུའུ་རུ་འཚོགས་པ་དང་། པུ་ལི་ཡ་ཐེས་ཀྱང་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་འཚོགས་ཤིང་། ཀྲུང་གོའི་ཡུལ་སྐོར་ཁེ་ལས་ཧ་ཅང་མང་པོ་ཞིག་དེའི་ནང་ཞུགས་ཡོད། དེ་ལས་པུ་ལི་ཡ་ཐེའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་ཐེབས་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་བརྗོད་ཀྱི་འདུག
         ཆི་ཅེ་ནུའོ་ཕུའུ་ཡིས་ཐད་འཕུར་གནམ་གྲུ་བཟོ་སྐྲུན་དང་། ནགས་ཚལ་ཐོན་རྫས་ལས་སྣོན། གཏེར་ཁའི་ཐོན་ཁུངས་གསར་སྤེལ། ཞིང་འབྲོག་ལས་ཐོན་རྫས་ལས་སྣོན། སྨན་རྩྭ་ཞིབ་བཟོ་བཅས་ཀྱི་ཐད་ལའང་པུ་ལི་ཡ་ཐེར་མདུན་ལམ་རྒྱ་ཆེན་པོ་ཡོད་པས་ཨུ་རུ་སུའི་རྒྱལ་ཁབ་ཕྱི་ནང་གི་མ་འཇོག་མཁན་མཉམ་ལས་ནང་ཞུགས་རྒྱུར་ཡིད་དབང་འགུག་རྒྱུའི་རེ་བ་ཡོད། ནགས་ལས་གསར་སྤེལ་ནི་པུ་ལི་ཡ་ཐེ་དང་ཀྲུང་གོའི་མཉམ་ལས་ཀྱི་ཁྱབ་ཁོངས་གལ་ཆེན་ཞིག་རེད། ཀྲུང་གོའི་ཀུང་སི་འགའ་ཞིག་གིས་པུ་ལི་ཡ་ཐེར་ནགས་ཤིང་ལས་སྣོན་ལས་རིགས་ལ་མ་འཇོག་བྱས་པར་པུ་ལི་ཡ་ཐེ་སྲིད་གཞུང་གི་རྒྱབ་སྐྱོར་ཐོབ་ཡོད་ཅེས་བརྗོད་ཀྱི་འདུག
         ཆི་ཅེ་ནོའུ་ཕུའུ་ཡིས་པུ་ལི་ཡ་ཐེ་དང་ཀྲུང་གོའི་རོགས་ཟླས་མི་རྣམས་ཀྱིས་དགའ་པོ་བྱེད་པའི་རྣམ་གྲངས་ཏེ་དྲོད་ཁང་ཆེ་མོའི་ནང་སྣ་མའི་མེ་ཏོག་འདེབས་པའི་རྣམ་གྲངས་ལག་ལེན་བསྟར་ཡོད། དེ་གོང་ཀྲུང་གོས་རང་རྒྱལ་ཁབ་ཀྱི་ས་ཁོངས་སུ་སྣ་མའི་མེ་ཏོག་བཏབ་ནས་ཧོ་ལན་དུ་ཕྱིར་གཏོང་བྱས་པ་དང་དེ་ནས་སླར་ཡང་ཨུ་རུ་སུར་ཕྱིར་ཚོང་བྱས་ཡོད། ད་ཆ་ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་མཉམ་ལས་བྱས་ནས་པུ་ལི་ཡ་ཐེར་སྣ་མའི་མེ་ཏོག་བཏབ་ཡོད། སྣ་མའི་མེ་ཏོག་ཁག་དང་པོ་མོ་སི་ཁོའི་མེ་ཏོག་སོས་པའི་ཁྲོམ་རར་མཁོ་འདོན་བྱེད་འགོ་ཚུགས་ཡོད་ཅེས་ངོ་སྤྲོད་བྱེད་ཀྱི་འདུག
         གཞན་ཡང་། ཆི་ཅེ་ནོའུ་ཕུའུ་ཡིས་པེ་ཅར་མཚེའུ་ཡི་ཚྭ་མེད་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་ཨུ་རུ་སུ་ཚྭ་མེད་ཆུ་ཕྱིར་གཏོང་རྒྱལ་ཁབ་ཆེ་གྲས་སུ་རྦད་དེ་འགྱུར་སྲིད་མོད། འོན་ཀྱང་། དེའི་སྔོན་འགྲོའི་ཆ་རྐྱེན་ནི་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་སྲོལ་ལ་བརྩི་སྲུང་ཞུས་ནས་སྣོད་བཅུད་སྔོན་འཇོག་བྱེད་རྒྱུ་དེ་ཡིན་པའི་ངོས་འཛིན་བྱེད་ཀྱི་འདུག ཁོང་གིས་པུ་ལི་ཡ་ཐེ་སྲིད་གཞུང་གིས་ཀྲུང་གོའི་ཁེ་ལས་ཤིག་དང་མཉམ་དུ་པེ་ཅར་མཚེའུ་ཡི་ཆུ་དམ་བཟོ་གྲྭ་བསྐྲུན་རྒྱུའི་མ་འཇོག་བྱེད་རྒྱུར་གྲོས་མཐུན་རགས་ཙམ་བྱུང་ཡོད། སྔོན་དཔག་ལྟར་ན། རྣམ་གྲངས་དེའི་ལོའི་ཐོན་རྫས་བསྡོམས་འབོར་སྔོན་རྩིས་བྱས་ན། ཏུན་ཁྲི་200ཟིན་རྒྱུ་དང་པེ་ཅར་མཚེའུ་ཡི་གཏིང་ཚད་སྨི་400ཡི་ས་ནས་ཆུ་ལེན་རྒྱུ་རེད། གལ་ཏེ་ཁོར་ཡུག་དཔྱད་དཔོག་བྱས་པ་ལས་ཐོན་སྐྱེད་བརྒྱུད་རིམ་ནང་པེ་ཅར་མཚེའུ་ཡི་སྣོད་བཅུད་ལ་ཉེན་ཁ་བཟོ་བའི་གནས་ཚུལ་མ་ཐོན་ཚེ་རྣམ་གྲངས་དེ་ལག་ལེན་བསྟར་རྒྱུ་རེད་ཅེས་བརྗོད་ཀྱི་འདུག
         པུ་ལི་ཡ་ཐེ་སྤྱི་མཐུན་རྒྱལ་ཁབ་ནི་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་ནང་གི་སྤྱི་མཐུན་རྒྱལ་ཁབ་ཅིག་ཡིན་པ་དང་། དེའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་35ཟིན་པ་དང་། པེ་ཅར་མཚེའུ་ཡི་ཤར་ངོས་སུ་གནས་ནས་ལྷོ་ཕྱོགས་མོང་གོལ་རྒྱལ་ཁབ་དང་འབྲེལ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།