འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ལེ་པ་ནོན་གྱི་ཁེ་ལས་མཁས་ཅན་གྱིས་ཀྲུང་གོ་དང་དཔལ་འབྱོར་ཚོང་དོན་སྤེལ་རེས་བྱ་རྒྱུར་
    ཤུགས་སྣོན་རྒྱག་རྒྱུའི་རེ་སྒུག་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་25ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “ད་ཐེངས་ཀྱི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དངོས་མང་སྟོན་ཚོགས་ལ་ཞུགས་རྒྱུ་བྱུང་བ་དེ་ང་ཚོའི་ངོས་ནས་བརྗོད་ན་ཧ་ཅང་གལ་ཆེན་པོ་ཞིག་ཡིན། ང་ཚོས་ཀྲུང་གོ་དང་མཉམ་ལས་གལ་ཆེན་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་ཀྲུང་གོ་ནས་ཕྱིར་ལོག་མ་ཐག་པའི་ལེ་པ་ནོན་གྱི་ནོར་སྲིད་པུའུ་ཀྲང་ཟུར་པ་ལཱ་ཡ་·ཧ་སང་གིས་ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་འདི་ལྟར་བརྗོད་པ་རེད།
         2017ལོའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དངོས་མང་སྟོན་ཚོགས་དེ་ཉེ་དུས་ཀྲུང་གོའི་ཉིང་ཞ་ཡིང་ཁྲོན་དུ་མཇུག་འགྲིལ་བ་རེད། སྐབས་འདིའི་དངོས་མང་སྟོན་ཚོགས་ལ་ལེ་པ་ནོན་དང་ཨེ་ཅིབ་སོགས་རྒྱལ་ཁབ་དང་ས་ཁུལ་40ལྷག་ཙམ་ནས་ཡོང་བའི་སྲིད་གཞུང་གི་འཐུས་མི་དང་དེ་བཞིན་ཁེ་ལས་ཀྱི་འཐུས་མི་དངོས་མང་སྟོན་ཚོགས་ལ་ཞུགས་ཡོད། དེའི་ནང་ལེ་པ་ནོན་གྱི་འཐུས་མི་ཚོགས་པ་དེ་དཔལ་འབྱོར་ཚོང་དོན་པུའུ་ཀྲང་ལཱ་དབྱི་ཏེ་·ཧུའུ་ལི་ཡིས་རུ་སྣེ་ཁྲིད་པ་དང་ཁོངས་མིའི་ཁྲོད་ཧ་སང་དང་དེ་བཞིན་སྲིད་གཞུང་གི་དཔོན་རིགས་གཞན་དང་ཁེ་ལས་མཁས་ཅན་མང་པོ་ཚུད་ཡོད་པ་རེད།
         ཧ་སང་གིས་ད་ཆ་ལེ་པ་ནོན་བྱང་རྒྱུད་གྲུ་ཁའི་གྲོང་ཁྱེར་ཏེ་ལེ་པོ་ལི་དཔལ་འབྱོར་དམིགས་བསལ་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་ཞིའི་འགན་འཁུར་བཞིན་ཡོད། དངོས་མང་སྟོན་ཚོགས་རིང་ཏེ་ལེ་པོ་ལི་དཔལ་འབྱོར་དམིགས་བསལ་ཁུལ་གྱིས་ཀྲུང་གོ་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་ཨུ་ལྷན་དང་ཉིང་ཞ་ཚན་རྩལ་གསར་སྤེལ་ཁུལ་དང་ཁག་སོ་སོར་མཉམ་ལས་ཀྱི་གྲོས་མཐུན་བཞག་ཡོད། “ང་ཚོས་ཏེ་ལེ་པོ་ལིར་ཀྲུང་གོས་མ་འཇོག་བྱ་རྒྱུའི་ཡིད་དབང་འགུགས་རྒྱུར་གཞོལ་རྒྱུ་ཡིན། ཉེ་དུས་ཀྲུང་གོའི་ཁེ་ལས་མང་དག་ཅིག་ཏེ་ལེ་པོ་ལིར་རྟོག་ཞིབ་ཏུ་སླེབས་ཡོད”ཅེས་ཧ་སང་གིས་བརྗོད་ཅིང་། ཁོང་གིས“དེ་ནི་ཀྲུང་གོ་དང་ལེ་པ་ནོན་རྒྱལ་ཁབ་གཉིས་པོའི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་ལ་ལྷག་པར་དུ་ལེ་པ་ནོན་གྱི་དཔལ་འབྱོར་གོང་འཕེལ་ཡོང་བར་སྣེ་ཁྲིད་ཐུབ་རྒྱུ་རེད”ཅེས་བརྗོད།
         ཧ་སང་གིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན་ཆེ་གྲས་ཨང་གཉིས་པ་ཡིན་པའི་ཀྲུང་གོའི་དཔལ་འབྱོར་ལ་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད་པས། ཀྲུང་གོ་དང་མཉམ་ལས་བྱ་རྒྱུ་དེས་ལེ་པ་ནོན་ལ་ཕན་པ་མང་པོ་ཐོབ་རྒྱུ་ཡིན་པར་བརྟེན“ལེ་པ་ནོན་ཕྱོགས་ཀྱིས་ཀྲུང་གོའི་རིམ་པ་ཁག་དང་མཉམ་ལས་བྱ་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་འདོད་ཡོད”ཅེས་བརྗོད་པ་རེད།
         ཧ་སང་གིས་ད་ཐེངས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དངོས་མང་སྟོན་ཚོགས་ལ་ཞུགས་པ་དེས་ལེ་པ་ནོན་ལ་ཁྱད་ལྡན་ཐོན་ལས་མངོན་པར་བྱེད་པའི་གོ་སྐབས་ཤིག་བྱུང་ཡོད་ལ་ལེ་པ་ནོན་གྱིས་ཀྲུང་གོའི་ཁྲོམ་རའི་དགོས་མཁོ་ཤེས་རྟོགས་ཐུབ་རྒྱུར་ཡང་གོ་སྐབས་བྱུང་བ་དེས་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་སྤེལ་རེས་ལ་སྔར་བས་སྐུལ་མ་གཏོང་རྒྱུར་ཕན་ཐོགས་ཡོད་པའི་ངོས་འཛིན་བྱས་པ་རེད། “དངོས་མང་སྟོན་ཚོགས་ལ་ཞུགས་པ་བརྒྱུད་ང་ཚོས་སྐྱུ་རུའི་སྣུམ་དང་རྒུན་འབྲུམ་ཨ་རག་སོགས་ཀྲུང་གོར་དགོས་མཁོ་ཆེ་བའི་ལེ་པ་ནོན་གྱི་ཐོན་རྫས་རྣམས་ཕྱིར་གཏོང་གསལ་ཐོའི་ནང་འཇུག་ཆོག་པ་དོ་སྣང་བྱུང་ཡོད”
         ད་ཐེངས་ཀྱི་དངོས་མང་སྟོན་ཚོགས་ལ་ཞུགས་པ་བརྒྱུད་ཧུའུ་ལི་ཡིས་ལེ་པ་ནོན་སྲིད་གཞུང་གི་ཚབ་ཞུས་ནས་ཀྲུང་གོ་ཕྱོགས་དང་《དར་གོས་ལམ་བུའི་དཔལ་འབྱོར་ཁུལ་དང་དུས་རབས་21པའི་མཚོ་ཐོག་དར་གོས་ལམ་བུ་བསྐྲུན་རྒྱུར་ཐུན་མོང་ཐོག་སྐུལ་མ་གཏོང་རྒྱུའི་སྐོར་གྱི་བསམ་ཤེས་དྲན་ཐོར་》མིང་རྟགས་བཀོད་པ་རེད། ཧུའུ་ལི་ཡིས་དེས་ལེ་པ་ནོན་གྱི་དཔལ་འབྱོར་གོང་འཕེལ་ཡོང་བར་ཕན་ཐོགས་ཡོང་རྒྱུ་ཡིན་པས་ལེ་པ་ནོན་གྱི་ཐོན་རྫས་ཀྲུང་གོར་ཕྱིར་གཏོང་བྱ་རྒྱུར་སྐུལ་མ་ནུས་ལྡན་གཏོང་བ་དང་སྦྲགས། ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་འབྲེལ་བ་ལ་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་བྱས་པ་རེད།
         ལེ་པ་ནོན་འགག་སྒོའི་བསྡོམས་རྩིས་གྲངས་གཞི་ལས་མངོན་པ་ལྟར་ན། 2016ལོར་ལེ་པ་ནོན་དང་ཀྲུང་གོ་ཕྱོགས་གཉིས་དབར་ཚོང་དོན་ཉོ་ཚོང་བྱེད་ཚད་ཨ་སྒོར་དུང་ཕྱུར་21ཙམ་ཟིན་ནས་ཀྲུང་གོས་ལེ་པ་ནོན་གྱི་ཚོང་དོན་རོགས་ཟླ་ཆེ་གྲས་ཨང་དང་པོ་དང་དངོས་ཟོག་ནང་འདྲེན་རྒྱལ་ཁབ་ཆེ་གྲས་ཨང་དང་པོ་ཡིན་པའི་གནས་བབ་རྒྱུན་འཁྱོངས་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།