འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།གངས་ལྗོངས་ས་མཐོར་དབུལ་སྒྲོལ་གྱི་མཐའ་མའི་དམག་འཐབ་རྒྱག་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་23ཉིན། 12:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ལོ་གཉིས་གོང་། དབུལ་སྒྲོལ་འགག་སྒྲོལ་གྱི་གདོང་མཆོང་དུང་བརྡ་གངས་ལྗོངས་ས་མཐོར་གྲགས་པ་དང་། ད་ཆ་བྱང་རྩྭ་ཐང་ནས་ཡར་ཀླུང་གཙང་པོའི་འབབ་རྒྱུད་དང་མངའ་རིས་ས་མཐོ་ནས་བོད་ལྗོངས་ཤར་ཕྱོགས་ཀྱི་ཆབ་མདོ་བར་བོད་ལྗོངས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་མཐའ་མའི་འགོག་རྐྱེན་ལ་འཐབ་རྩོད་བྱེད་འགོ་ཚུགས་པ་རེད།
          ལོ་བཅུ་ཕྲག་ཁ་ཤས་རིང་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་སྟེ། 1959ལོའི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་1.74ལས་ཟིན་གྱི་མེད་པ་དང་2016ལོར་སྒོར་དུང་ཕྱུར་1150.07བར་འཕར་བ་དང་། 2016ལོར་ལོའི་ཡོང་འབབ་སྒོར་3311གི་དབུལ་སྒྲོལ་ཚད་གཞིར་གཞིགས་ན་མི་འབོར་དབུལ་པོའི་སྡུར་ཚད་17.15%བར་ཆག་ཡོད་པ་རེད།
         འོན་ཀྱང་དབུལ་སྐྱོར་གཏིང་ཟབ་བྱས་པ་དང་སྦྲགས་འབྱུང་འགྱུར་གྱི་དུས་བབ་ཀྱང་སྔར་བས་ཛ་དྲག་ཏུ་ཕྱིན་པ་དང་ལྷག་དོན་དུ་བོད་ལྗོངས་ཀྱི་དབུལ་སྒྲོལ་ལས་དོན་ལ་དམིགས་བསལ་གྱི་འགྲན་སློང་ལྡན་ཡོད། གལ་ཏེ་རྒྱལ་ཡོངས་ཀྱིས“དམིགས་ཚད་ལ་དམ་པོར་དམིགས་ཏེ་དཀའ་སྒྲུབ་དངོས་སྒྲུབ”བྱེད་ཀྱི་ཡོད་ཅེས་བརྗོད་ན། གངས་ལྗོངས་ས་མཐོར“ཨམ་གཙིགས་བསྡམས་ནས་ལ་བརྒྱབ་ཀླུང་བརྒལ”བྱེད་ཀྱི་ཡོད་ཅེས་བརྗོད་ཆོག
         བོད་ལྗོངས་ནི་རང་རྒྱལ་གྱི་གཅིག་སྡུད་ཡུག་སྦྲེལ་ས་ཁུལ་དབུལ་པོ་གཅིག་པུ་དེ་ཡིན་ལ་ཤིན་ཏུ་དབུལ་པོའི་ས་ཁུལ་ཡང་རེད། དུས་བབ་ཛ་དྲག་ཆེ་མོད། འོན་ཀྱང་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་འཛུགས་ལོར་གྲུབ་འབྲས་ཡག་པོ་ཐོབ་པ་སྟེ། 2016ལོར་མི་འབོར་དབུལ་པོ་ཁྲི་14.7དབུལ་སྒྲོལ་ཐུབ་པ་དང་འབྲེལ་རྒྱལ་ཁབ་ཀྱི་ཁས་ལེན་ཐོབ་པ་དང་། གྲོང་ཚོ་ཨུ་ལྷན་དབུལ་པོ་1008དབུལ་སྒྲོལ་གྱི་ཚད་གཞི་ལོན་པ། རྫོང་དང་ཆུས་དབུལ་པོ་10དབུལ་ཞྭ་འབུད་པའི་ཚད་གཞི་ལོན་པ་བཅས་རེད།
         2016ལོར་རྒྱལ་ཡོངས་ཀྱི་ཞིང་ཆེན་བརྒྱད་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་ཕན་འབྲས་དཔྱད་ཞིབ་ཁྲོད“ཕྱོགས་བསྡུས་གདེང་འཇོག་ཡག་པོ”ཐོབ་པའི་ནང་བོད་ལྗོངས་ཚུད་ཡོད། བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ལུའུ་ཧྭ་ཏུང་གིས“ས་ཁོངས་ཚང་མར་ང་ཚོས་དམིགས་སའི་རང་བཞིན་གྱི་བྱེད་ཐབས་སྤྱད་ཡོད”ཅེས་བཤད།
        —— 2017ལོར་ནག་ཆུ་དང་། མངའ་རིས། ཆབ་མདོ་བཅས་ས་ཁུལ་གསུམ་གྱི་གྲུམ་ནད་ཕོག་པའི་ནད་པ་དབུལ་པོ་བརྒྱ་ཙམ་ས་དྲོད་ཆེ་བའི་ལྷ་ས་གྲོང་ཁྱེར་ཡངས་པ་ཅན་གྲོང་རྡལ་དུ་གཅིག་སྡུད་གནས་སྤོས་ཡོད། དེར་ཁོང་ཚོས་རང་ཁྱིམ་གྱི་ཆུ་ཚན་ལ་ལུས་གསོ་ཆོག་པ་མ་ཟད། ད་དུང་རང་སྐྱོང་ལྗོངས་སྨན་རྩིས་ཁང་དང་ཡངས་པ་ཅན་གྲོང་རྡལ་སྨན་ཁང་གི་སྨན་པའི་ཉིན་ལྟར་གྱི་སྐོར་སྐྱོད་སྨན་བཅོས་དང་ལེན་ཐུབ་ཀྱི་ཡོད།
        —— 2017ལོར་བོད་ལྗོངས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་ཐོག་མ་ཡིན་པའི་ལྷ་ས་སྐྱིད་ཆུའི་འགྲམ་གྱི་གསུམ་ལྡན་གྲོང་ཚོ་རི་ཁུག་ནས་སྤོས་ཏེ་ལོ་གཅིག་ལས་མ་སོང་ཡང་གྲོང་མི་ཚོར་ཡོང་འབབ་ཡག་པོ་བྱུང་བ་སྟེ། ན་ནིང་མ་རྨོས་ལོ་ཏོག་མུའུ་300བཏབ་པར་ཡོང་འབབ་སྒོར་ཁྲི་5བྱུང་བ་དང་། ས་གཙང་ཐོན་ལས་ཀྱི་དཔལ་འབྱོར་ལོ་ཏོག་གངས་ལྗོངས་ལུག་མིག་མེ་ཏོག་དང་སྨན་རྩྭ་མཱ་ཁཱ་མུའུ་1ཚོད་འདེབས་བྱས་པར་ཡོང་འབབ་སྒོར་7000བྱུང་ཡོད་པ་རེད།
        སྤྱི་ཁོག་གྲངས་གཞི་འཕར་བ་དང་སྦྲགས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར་ཡང་ཆེ་རུ་འགྲོ་བཞིན་ཡོད།
        2017ལོར་བོད་ལྗོངས་ཀྱིས་དབུལ་པོ་ཁྲི་13ཡན་དབུལ་སྒྲོལ་ཐུབ་པ་བྱེད་རྩིས་ཡོད། ལུའུ་ཧྭ་ཏུང་གིས་ལས་འགན་དེ་ལེགས་སྒྲུབ་ལམ་ལྷོངས་ཐུབ་ངེས་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
        “ལོ་ལྔ་ཚན་བཅུ་གསུམ་པའི”རིང་དབུལ་པོ་ཁྲི་59དབུལ་སྒྲོལ་ཐུབ་རྒྱུ་དང་རྫོང་དང་ཆུས་74ཡི“དབུལ་ཞྭ་འབུད་པའི”དམིགས་ཚད་མངོན་འགྱུར་ཐུབ་རྒྱུར་བོད་ལ་ཡིད་ཆེས་བརྟན་པོ་ཡོད།
        མིག་སྔར་བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་འབོར་དབུལ་པོའི་ཟས་གོས་གཞི་རྩའི་ཐོག་འགན་ལེན་ཐུབ་ཡོད། བོད་ལྗོངས་ཀྱིས“ཟས་ལ་སེམས་ཁྲལ་མེད་པའི”ཚད་གཞི་ཞིབ་ཚགས་སུ་བཏང་བ་སྟེ། འབྲུ་རིགས་དང་། སྣུམ། ཤ་བཅས་དང་དྭངས་ཤིང་གཙང་བའི་འཐུང་ཆུ་ཡོད་པའི་ཁར་ཇ་བསྲུབས་མ་འཐུང་རྒྱུ་ཡོད་པ་དེ་རེད།
    གྲོང་གསེབ་མི་འབོར་གྱི་འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས། སྡོད་ཁང་བདེ་འཇགས་བཅས་འགན་ལེན་བྱེད་པའི་ཐད། ཀྲུང་དབྱང་གི་གཟིགས་སྐྱོང་སྲིད་ཇུས་ཁག་ལས་ཕན་པ་ཐོབ་ནས་བོད་ལྗོངས་ཀྱི་སྤྱི་ཚོགས་འགན་ལེན་མ་ལག་འཛུགས་སྐྲུན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་དཔེར་ན། བུ་བཅོལ་ཁང་ནས་མཐོ་རིམ་སློབ་འབྲིང་བར་གྱི་ལོ་བཅོ་ལྔའི་སློབ་ཡོན་མི་དགོས་པའི་སློབ་གསོ་རྒྱལ་ཡོངས་ཀྱི་སྔོན་ལ་མངོན་འགྱུར་ཐུབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།