འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་མཇུག་ཏུ་ཁྲལ་འབྲེལ་དོན་གནད་15རྒྱལ་ཡོངས་ཀྱི་ས་ཆ་ཚང་མར་གཉེར་ཐུབ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་23ཉིན། 12:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཕྱི་ཕྱོགས་ལ་《ཞིང་ཆེན་སྒྲོལ་བའི་གཉེར་སྐྱོང་ཁེ་ལས་ཀྱི་ཁྲལ་འབྲེལ་དོན་གནད་རྒྱལ་ཡོངས་ས་ཆ་ཚང་མར་གཉེར་རྒྱུའི་སྐོར་གྱི་བརྡ་ཐོ་》ཡོངས་བསྒྲགས་བྱས་པའི་ནང་རིགས་4ཡི་ཁྲལ་འབྲེལ་དོན་གནད་15འདི་ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་ཀྱི་ས་ཆ་ཚང་མར་གཞི་རྩའི་ཆ་ནས་གཉེར་ཐུབ་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་ཀྱི་ས་ཆ་ཚང་མར་གཉེར་ཐུབ་པ་ཞེས་པ་ནི་ཞིང་ཆེན་སྒྲོལ་བའི(རང་སྐྱོང་ལྗོངས་དང་། ཐད་གཏོགས་གྲོང་ཁྱེར། འཆར་གཞི་ལོགས་བཀོད་གྲོང་ཁྱེར)གཉེར་སྐྱོང་ཁེ་ལས་ཀྱིས་ཁྲལ་གཉེར་དགོས་མཁོ་གཞིར་བཟུང་ཐག་ཉེ་སའི་ཁྲལ་དོན་ལས་ཁུངས་སུ་ཡུལ་གཞན་གྱི་ཁྲལ་འབྲེལ་དོན་གནད་རེ་ཞུ་བྱས་ནས་སྒྲུབ་ཆོག་པར་ཟེར།
         བརྡ་ཐོའི་ནང་རིགས་4ཡི་ཁྲལ་འབྲེལ་དོན་གནད་ནི་ཁྲལ་འབྲེལ་ཆ་འཕྲིན་སྙན་ཞུའི་རིགས་དང་། ཁྲལ་འཇལ་རེ་ཞུ་གཉེར་བའི་རིགས། གཟིགས་སྐྱོང་གི་ཐོ་འགོད་སྙན་སེང་གཉེར་བའི་རིགས། ར་སྤྲོད་ཡི་གེ་གཉེར་བའི་རིགས་བཅས་རེད། དེའི་ནང་ཁྲལ་དོན་ཆ་འཕྲིན་སྙན་ཞུའི་རིགས་ལ་དངུལ་བཅོལ་རྩིས་ཐོ་དང་རྩིས་ཨང་གི་སྙན་ཞུ་དང་། ནོར་དོན་རྩིས་གཉེར་ལམ་ལུགས། ཞིབ་རྩིས་མཉེན་ཆས་ཀྱི་ཐོ་འགོད་སྙན་སེང་བཅས་ཚུད་ཡོད། ཁྲལ་འཇལ་རེ་ཞུ་གཉེར་བའི་རིགས་ལ་དཔྱ་ཁྲལ་འགྱངས་ཆད་བྱེད་མཁན་གྱིས་གཏན་འཇགས་རྒྱུ་ནོར་རམ་ཡང་ན་རྒྱུ་ནོར་ཕོན་ཆེན་ཐག་གཅོད་བྱེད་པའི་སྙན་ཞུ་དང་། ཁྲལ་འཇལ་མཁན་ཟླ་སྒྲིལ་ལམ་ཡང་ན་ལོགས་དབྱེའི་གནས་ཚུལ་སྙན་ཞུ། འགན་གཙང་སྤྲོད་པའམ་ཡང་ན་བོགས་མར་གཏོང་བའི་གནས་ཚུལ་སྙན་ཞུ། ཁེ་ལས་ཀྱི་ལོ་ཕོགས་དང་ལས་རིགས་ཀྱི་ལོ་ཕོགས་འཐེན་འཇལ་སྙན་ཞུ་བཅས་ཚུད་ཡོད། གཟིགས་སྐྱོང་གི་ཐོ་འགོད་སྙན་སེང་གཉེར་བའི་རིགས་ལ་རིན་ཐང་འཕར་ཁྲལ་གཟིགས་སྐྱོང་གི་ཐོ་འགོད་སྙན་སེང་དང་། འཛད་སྤྱོད་དཔྱ་ཁྲལ་གཟིགས་སྐྱོང་གི་ཐོ་འགོད་སྙན་སེང་། ཁེ་ལས་ཀྱི་ཐོབ་ཁྲལ་གཟིགས་སྐྱོང་གི་ཐོ་འགོད་སྙན་སེང་། རིས་སྦྱར་དཔྱ་ཁྲལ་གཟིགས་སྐྱོང་གི་ཐོ་འགོད་སྙན་སེང་། འཁོར་གྲུའི་དཔྱ་ཁྲལ་གཟིགས་སྐྱོང་གི་ཐོ་འགོད་སྙན་སེང་། གྲོང་ཁྱེར་བདག་སྐྱོང་དང་འཛུགས་སྐྲུན་དཔྱ་ཁྲལ་གཟིགས་སྐྱོང་གི་ཐོ་འགོད་སྙན་སེང་། སློབ་གསོའི་འགྲོ་གྲོན་གྱི་ཟུར་བསྣན་གཟིགས་སྐྱོང་གི་ཐོ་འགོད་སྙན་སེང་བཅས་ཚུད་ཡོད། ར་སྤྲོད་ཡི་གེ་གཉེར་བའི་རིགས་ལ་ཁྲལ་འཇལ་བའི་ར་སྤྲོད་ཡི་གེ་དང་མི་སྒེར་གྱི་ཐོབ་ཁྲལ་འཇལ་བའི་ར་སྤྲོད་ཡི་གེ་འབྲི་རྒྱུ་ཚུད་ཡོད།
         ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་རིམ་ཁག་ཁྲལ་དོན་ལས་ཁུངས་ཀྱིས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་དྲ་ཚིགས་དང་ཁྲལ་གཉེར་ཞབས་ཞུའི་ཚོམས་ཆེན་སོགས་ཀྱི་ཐབས་ལམ་བརྒྱུད་རྒྱལ་ཡོངས་ཀྱི་ས་ཆ་ཚང་མར་གཉེར་ཐུབ་པའི་ཁྲལ་འབྲེལ་དོན་གནད་དང་གཉེར་སྟངས་རང་འགུལ་ངང་ཡོངས་བསྒྲགས་བྱས་ནས་ཁྲལ་འཇལ་བས་རང་དགར་གདམ་ག་བྱ་རྒྱུར་སྟབས་བདེ་བསྐྲུན་ཏེ་2017ལོའི་ཟླ་12ཚེས་31ཉིན་གྱི་གོང་རྒྱལ་ཡོངས་ཀྱི་ས་ཆ་ཚང་མར་གཉེར་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།