འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཚན་རིག་ཁྱབ་གདལ་གཏོང་བར་བརྟེན་ནས་ས་མཐོའི་ཕྲུ་གུའི་མིག་རྒྱང་ཡངས་སུ་གཏོང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་23ཉིན། 12:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཤེལ་སྒོ་ཟུར་གསུམ་མ་བརྒྱུད་ལག་བཞུའི་འོད་ཟེར་ཀྱོག་འཕྲོ་བྱེད་སྐབས་གྱང་ལྡེབས་སུ་ཚོན་མདོག་སྣ་བདུན་འཕྲོ་ཚུལ་དེ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རྐང་ཚ་རྫོང་ཁྱོན་འཁྱིལ་ཤང་མི་རིགས་ཞག་སྡོད་ལམ་ལུགས་ཆ་ཚང་སློབ་ཆུང་གི་སློབ་མས་་མཐོང་སྐབས་ཧང་སངས་ཤིང་། དེ་ནི་ཁོང་ཚོས་འོད་ཟེར་ཐོར་འཕྲོའི་ཚོད་ལྟ་བྱེད་པ་དངོས་སུ་མཐོང་ཐེངས་དང་པོ་དེ་རེད།
          ཚོད་ལྟ་བྱེད་མཁན་ནི་སློབ་གྲྭའི་དགེ་རྒན་མིན་པར་ཁོང་ནི་ཀྲུང་གོ་ཚན་རིག་ཁང་ཧྲང་ཧའེ་འོད་ཀྱི་རིག་པའི་འཕྲུལ་ཆས་ཞིབ་ཚགས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་ལོ་རིམ་གསུམ་པའི་སློབ་མ་ལིའུ་ཆིའུ་ཅུས་ཡིན་ཞིང་། ཁོང་ནི་ད་ཐེངས་ཀྲུང་གོ་ཚན་རིག་ཁང་ཧྲང་ཧའེ་འོད་འཕྲུལ་སུའོ་ཡིས་གཉེར་བའི“ཚོན་མདོག་སྣ་བདུན་གྱི་འོད་ཟེར། མཚོ་སྔོན་དུ་སྐྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཚན་རིག་ཁྱབ་གདལ་བྱེད་སྒོར་ཞུགས་པའི་དང་བླངས་པ་10ལྷག་ཙམ་གྱི་གྲས་ཤིག་ཡིན། ཚེས་18ཉིན་ནས་ཚེས་20ཉིན་བར་དང་བླངས་པ་ཚོས་བྱེད་ཐབས་སྣ་མང་བརྒྱུད་ཁྱོན་འཁྱིལ་ཤང་སློབ་ཆུང་གི་སློབ་མར་འོད་ཀྱི་རིག་པའི་ཤེས་བྱ་ཁྱབ་གདལ་དང་འགྲེམས་སྟོན་བྱས་ཏེ་གསོན་ཉམས་དོད་པའི་ཚན་རིག་ཁྱབ་གདལ་གྱི་སློབ་ཚན་རེ་རེ་བཞིན་འཚོགས་པ་རེད།
         ལིའུ་ཆིའུ་ཅུས་ཀྱི་དགེ་མཚན་ནི་འོད་སྔོན་LEDསྤྱོད་རྒྱུ་དེ་ཡིན་སྟབས་སློབ་མ་ཚོ་འཁྲིད་དེ་འོད་ཀྱི་ཐོར་འཕྲོ་དང་འོད་ཀྱི་འདུས་གྲུབ་ཚོད་ལྟ་བྱས་པ་མ་ཟད། ད་དུང་ཕྲུ་གུ་ཚོ་དང་མཉམ་དུ་ལག་པ་འགུལ་ནས་LEDགློག་སྒྲོན་སྤར་བ་རེད། ཁོང་གིས“ཕྲུ་གུ་ཚོར་ཚན་རིག་ཁྱབ་གདལ་གཏོང་སྐབས་ངེས་པར་དུ་ཆེད་ལས་རང་བཞིན་ཆེ་བའི་ཤེས་བྱ་དེ་དག་ཁོང་ཚོས་ཤེས་རྟོགས་ཐུབ་པའི་སྐད་ཆར་བརྟེན་ནས་འགྲེལ་བཤད་རྒྱག་དགོས་པས་དཀའ་ངལ་ཧ་ཅང་ཆེན་པོ་འདུག དེས་ན་རང་ཉིད་ཀྱིས་བྱང་ཆུབ་པའི་ཤེས་བྱ་དེ་དག་དེ་བས་དོན་སྙིང་ཟབ་ལ་གོ་བདེ་བའི་ངང་སློབ་བདེ་པོ་འདུག་པས་ཚོད་ལྟ་མང་ཙམ་བྱས་ཚེ་ཁོང་ཚོའི་དགའ་སྣང་འཕེལ་ཐུབ་ཀྱི་ཡོད”ཅེས་བཤད།
         ཤེལ་སྒོ་ཟུར་གསུམ་མ་དང་རྩ་བའི་ཁ་མདོག་གསུམ་ལས་གྲུབ་པའི་ཚོད་ལྟའི་ཡོ་བྱད་ལ་སོགས་མང་པོ་ཞིག་ཁྱོན་འཁྱིལ་ཤང་སློབ་ཆུང་གི་ཕྲུ་གུའི་ངོས་ནས་བརྗོད་ན་མཐོང་ཐེངས་དང་པོ་ཡིན་སྟབས་སློབ་ཚན་ཐོག་ཚོད་ལྟའི་ཡོ་བྱད་མང་པོ་ཞིག་ལ་ཕྲུ་གུ་ཚོས་མིག་ཅེ་རེར་ལྟ་བ་དང་ཚོགས་ཆུང་ཁག་བགོས་ཀྱིས་ཚོད་ལྟ་བྱས་པ་དེས་སློབ་ཚན་དེ་བས་འཁྲུག་ཆ་དོད་པར་གྱུར། དེས་ན་དྲི་བར་ལན་ཡང་དག་འདེབས་ཐུབ་པའི་ཕྲུ་གུ་ཚོར་རྒྱང་ཤེལ་ཆུང་ངུ་དང་ཉི་ནུས་གློག་སྒྲོན་སོགས་ལག་རྟགས་ཆུང་ངུ་རེ་རག་ཡོད། ལོ་རིམ་ལྔ་པའི་སློབ་མ་ཟླ་བ་སྒྲོལ་མས“རང་ཉིད་སློབ་ཚན་དེ་ཉན་རྒྱུར་ཧ་ཅང་དགའ་པོ་འདུག་ལ་རྒན་ལགས་ཀྱིས་ཀྱང་སློབ་ཁྲིད་ཁ་གསལ་པོ་གནང་བྱུང་། PPTནང་གི་པར་རིས་སྙིང་རྗེ་པོ་འདུག་པ་མ་ཟད། ཚོད་ལྟའང་དོན་སྙིང་ཆེན་པོ་འདུག”ཅེས་བཤད།
          ཁྱོན་འཁྱིལ་ཤང་མི་རིགས་ཞག་སྡོད་ལམ་ལུགས་ཆ་ཚང་སློབ་ཆུང་གི་དགེ་རྒན་ཙོའུ་ཡུང་ཅོན་གྱིས“སློབ་གྲྭའི་ནང་གི་སློབ་མ་མང་པོ་ཞིག་གིས་ཚན་རིག་ལ་དགའ་སྣང་ཆེན་པོ་བྱེད་ཀྱི་འདུག་མོད། འོན་ཀྱང་ཐོན་ཁུངས་འབེལ་པོ་དེ་ཙམ་མེད་པའི་དབང་གིས་ཁོང་ཚོས་རྣམ་ཀུན་དཔེ་དེབ་ནང་གི་ཤེས་བྱ་སྦྱོང་རྒྱུ་ཁོ་ན་རེད། དང་བླངས་པ་དེ་དག་སླེབས་ནས་ཚོད་ལྟའི་ཡོ་བྱད་འཁྱེར་བ་དེས་ཕྲུ་གུ་ཚོའི་ཤེས་བྱ་དང་བསམ་ཕྱོགས་རྒྱ་བསྐྱེད་གཏོང་རྒྱུར་ཕན་ཐོགས་ཆེན་པོ་འདུག”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།