འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ལ་ལུགས་མཐུན་དང་དགོས་ངེས་ཀྱི་སྒྱུར་
    བཅོས་བྱ་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་23ཉིན། 11:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་21ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་འབྲེལ་ཡོད་འདྲི་བར་ལན་སྐྱོན་སྐབས་ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་དུས་བསྟུན་འཕེལ་རྒྱས་དང་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་》གྱི་དགོངས་དོན་དང་རྩ་དོན་ལ་བརྩི་འཇོག་དང་ཁོངས་མིའི་རྒྱལ་ཁབ་ཀྱི་ཐུན་མོང་ངོས་འཛིན་རྒྱ་ཁྱབ་ཀྱི་རྨང་གཞིའི་ཐོག་ལུགས་མཐུན་དང་དགོས་ངེས་ཀྱི་སྒྱུར་བཅོས་བྱས་ཏེ་འཕེལ་རྒྱས་གསར་གཏོད་རྒྱུན་ཆད་མེད་པར་བྱས་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
           དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་ཚེས་20ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་མཐོ་རིམ་ཚོགས་འདུའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ལ་སྒྱུར་བཅོས་ཀྱི་དམིགས་ཚད་བཏོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ། ཀྲུང་གོ་ཕྱོགས་ཀྱིས་ད་ཕན་ལོ་ཤས་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ནང་ཧུར་བཙོན་ཆེན་པོས་རང་འགུལ་ངང་ཞུགས་དོན་གྱི་གཞི་འཛིན་ས་གཙོ་བོ་གང་ཡིན་ཞེས་འདྲི་བ་བཏོན། ལུའུ་ཁང་གིས་ཟླ་9ཚེས་20ཉིན་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱིས་ཉིའུ་གཡོད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་མཐོ་རིམ་ཚོགས་འདུར་ཞུགས་ནས་ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་ལངས་ཕྱོགས་རྒྱས་བཤད་གནང་ཡོད་ཅེས་གསུངས་པ་རེད།
           ལུའུ་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་དུས་བསྟུན་འཕེལ་རྒྱས་དང་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་》གྱི་དགོངས་དོན་དང་རྩ་དོན་ལ་བརྩི་འཇོག་དང་ཁོངས་མིའི་རྒྱལ་ཁབ་ཀྱི་ཐུན་མོང་ངོས་འཛིན་རྒྱ་ཁྱབ་ཀྱི་རྨང་གཞིའི་ཐོག་ལུགས་མཐུན་དང་དགོས་ངེས་ཀྱི་སྒྱུར་བཅོས་བྱས་ཏེ་འཕེལ་རྒྱས་གསར་གཏོད་རྒྱུན་ཆད་མེད་པར་བྱས་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
          ལུའུ་ཁང་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་ཡིན་པའི་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ནང་ཧུར་ཐག་ཞུགས་ནས་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ནང་དམག་མི་དང་མ་དངུལ་འདོན་མཁན་གྱི་རྒྱལ་ཁབ་གཙོ་བོར་གྱུར་ཏེ་འབྲེལ་ཡོད་རྒྱལ་ཁབ་དང་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་སླར་གསོ་དང་ས་གནས་དེ་གའི་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་བྱ་ཆེད་མངོན་གསལ་དོད་པའི་ལེགས་སྐྱེས་ཕུལ་ཡོད། ཀྲུང་གོར་ཞི་བདེ་སྲུང་སྐྱོང་ཁྱབ་ཁོངས་ཐད་དམིགས་ཚད་གཅིག་ལས་མེད་པ་དེ་ནི་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོང་བྱ་ཆེད་ང་ཚོས་འཁུར་དགོས་ངེས་ཀྱི་རྒྱལ་སྤྱིའི་འགན་འཁྲི་འཁུར་རྒྱུ་དེ་ཡིན་ཞེས་བཤད་པ་རེད།
           ལུའུ་ཁང་གིས་ལོ་གཉིས་གོང་ཀྲུའུ་ཞི་ཞི་ཅིན་ཕིང་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་70འཁོར་བའི་དབུ་ཚོགས་རབ་དང་རིམ་པའི་ནང་ཞུགས་རིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ལེགས་སུ་དང་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་ཐད་གྲོས་འགོ་གལ་ཆེན་རབ་དང་རིམ་པ་བཏོན་པའི་ནང་གཞི་ཁྱོན་མི་8000གི་ཞི་བདེ་སྲུང་སྐྱོང་བཀའ་སྒུག་དམག་དཔུང་དང་ཞི་བདེ་སྲུང་སྐྱོང་གི་རྒྱུན་གྲབས་ཉེན་རྟོག་དམག་དཔུང་འཛུགས་རྒྱུ་དང་། ཨ་ཧྥེ་རི་ཁ་མནའ་འབྲེལ་ལ་ཨ་སྒོར་དུང་ཕྱུར་1གི་དམག་དོན་རོགས་སྐྱོར་བྱ་རྒྱུ། ཨ་ཧྥེ་རི་ཁའི་རྒྱུན་གྲབས་དམག་དཔུང་དང་མགྱོགས་མྱུར་ཉེན་ཁར་ཁ་གཏད་གཅོག་པའི་དམག་དཔུང་འཛུགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། ཨ་ཧྥེ་རི་ཁར་སྤེལ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ལ་ཐད་འཕུར་གནམ་གྲུའི་ཡན་ལག་རུ་ཁག་བཀོད་སྒྲིག་བྱ་རྒྱུ་སོགས་ཚུད་ཡོད་ཅེས་གསུངས་པ་རེད།
         “ཀྲུང་གོ་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ལ་མུ་མཐུད་རྒྱབ་སྐྱོར་དང་དེའི་ནང་ཞུགས་རྒྱ་ཆེ་རུ་བཏང་སྟེ་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་》གྱི་དགོངས་དོན་ལག་བསྟར་དང་ཨ་ཧྥེ་རི་ཁ་ཚུད་པའི་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོང་བྱ་ཆེད། ང་ཚོས་ལེགས་སྐྱེས་མུ་མཐུད་འབུལ་རྒྱུ་ཡིན”ཞེས་ལུའུ་ཁང་གིས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།