འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཕོ་བྲང་པོ་ཏ་ལའི་སྒོ་འཛིན་གླགས་ཚོང་བྱེད་མཁན་28བཟུང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་19ཉིན། 14:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་གནས་ཚུལ་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཉེ་དུས་ཁྲིམས་འགལ་ངང་ཕོ་བྲང་པོ་ཏ་ལའི་སྒོ་འཛིན་གླགས་ཚོང་བྱེད་མཁན་28ཁྲིམས་ལྟར་སྲིད་འཛིན་བཀག་ཉར་བྱས་པ་རེད།
          བོད་འདི་ཉིད་ཡུལ་སྐོར་བ་མང་བའི་དུས་སུ་སླེབས་པ་དང་བསྟུན་ནས་ཕོ་བྲང་པོ་ཏ་ལའི་སྒོ་འཛིན་ཡང་ཧ་ཅང་བྲིན་ཁ་རྒྱུག་པོ་ཡོད་སྟབས། ཁྲིམས་འགལ་བ་ཁག་གཅིག་གིས་གོ་སྐབས་དེ་དང་བསྟུན་ནས་ཁྲིམས་འགལ་ངང་སྒོ་འཛིན་གླགས་ཚོང་དང་འགྲུལ་པ་ཧབ་ཁྲིད་སོགས་ཀྱི་བྱེད་སྤྱོད་སྤེལ་གྱི་ཡོད། ཁག་གཅིག་གིས་ད་དུང་བང་སྒྲིག་ཨང་ཀི་འབོར་ཆེན་རིན་གོང་མཐོ་པོའི་ཐོག་ནས་ཡུལ་སྐོར་བར་བཙོངས་ཏེ་དེའི་ཁྲོད་ནས་ཁེ་བཟང་ཆེན་པོ་རག་ཐབས་བྱེད་ཀྱི་ཡོད། ཁག་གཅིག་གིས་ས་གནས་ས་ཐོག་ཏུ་ཡུལ་སྐོར་བ་བཙན་ཤེད་ཀྱིས་ཉེ་འཁོར་གྱི་ཡུལ་སྐོར་ཁང་དུ་ཁྲིད་ནས་ཚོགས་པའི་ནང་ཞུགས་སུ་བཅུག་སྟེ་ཁེ་བཟང་རག་ཐབས་བྱེད་ཀྱི་ཡོད། བྱེད་སྤྱོད་དེ་རིགས་ལས་ཕོ་བྲང་པོ་ཏ་ལའི་རྒྱུན་གཏན་གྱི་སྒོ་འཛིན་ཉོ་བའི་སྒྲིག་ལམ་ལ་ཤུགས་རྐྱེན་ངན་པ་བཟོས་ཡོད།
          ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡིས་ཡུལ་སྐོར་བར་དྲན་སྐུལ་བྱ་རྒྱུར། ཚད་ལྡན་གྱི་ཐབས་ལམ་སྤྱད་ནས་སྒོ་འཛིན་ཉོས་ཏེ་མགོ་སྐོར་མི་ཐེབས་པ་བྱེད་དགོས། ཕོ་བྲང་པོ་ཏ་ལའི་སྒོ་འཛིན་ལ་ཡུལ་སྐོར་བ་མང་བའི་དུས་ཀྱི་སྒོ་འཛིན་དང་ཡུལ་སྐོར་བ་ཉུང་བའི་དུས་ཀྱི་སྒོ་འཛིན་རིགས་གཉིས་ཡོད། ཟླ་5ཚེས་1ཉིན་ནས་ཟླ་10ཚེས་31ཉིན་བར་ནི་ཡུལ་སྐོར་བ་མང་བའི་དུས་ཡིན་པས་སྒོ་འཛིན་རེར་སྒོར་200ཡིན། ཡུལ་སྐོར་བ་མང་བའི་དུས་སུ་སྒོ་འཛིན་ཉོ་སྐབས་ཐབས་གཉིས་ཡོད་པ་སྟེ། ཐབས་དང་པོ་ནི་ཕོ་བྲང་པོ་ཏ་ལའི་གཞུང་ཕྱོགས་དྲ་ཚུགས་ལ་ཞུགས་ནས“དྲ་ཐོག་ནས་ཉོ་ཆོག”པ་དང་ཐབས་གཉིས་པ་ནི་རང་ཉིད་ཀྱི་གྲོང་མིའི་ཐོབ་ཐང་ལག་ཁྱེར་ཁྱེར་ནས་ཕོ་བྲང་པོ་ཏ་ལའི་སྒོ་འཛིན་འཚོང་སའི་སྐར་ཁུང་ནས་ཕྱི་ཉིན་གྱི་སྒོ་འཛིན་མངགས་ཉོ་བྱེད་ཆོག
      

    ཕྱོགས་བསྡུས་གསར་འགྱུར།