འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་ནུབ་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཀྱིས་ཡོང་འབབ་ཀྱི་ཟིན་ཐོ་གསར་པ་བཏོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་19ཉིན། 14:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཚྭ་འདམ་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། མཚོ་ནུབ་ཀྲོའུ་ཡིས་ས་ཁོངས་ཀྱི་ཕུན་སུམ་ཚོགས་པའི་ཁྱད་ལྡན་རིག་གནས་ཐོན་ཁུངས་ལ་བརྟེན་ཏེ་སྣོད་བཅུད་རིག་གནས་དང་། བསམ་བཀོད་རིག་གནས། སྤྲོ་གསེང་རིག་གནས་བཅས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ལས་མ་ལག་ཧུར་ཐག་བསྐྲུན་ཏེ་རིག་གནས་ལས་སྒོ་གསར་པ་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་རིག་གནས་སྤུས་རྟགས་བཏོད་པས་འདི་ལོའི་ལོ་སྟོད་དུ་ཀྲོའུ་ཡོངས་ཀྱི་རིག་གནས་ཐོན་ལས་ལ་བྲིན་ཚོང་ཡོང་འབབ་སྒོར་ཁྲི་28965.7བྱུང་ཡོད་པ་རེད།
           མཚོ་ནུབ་ཀྲོའུ་ཡིས་རིག་གནས་ཁེ་ལས་འབྲིང་གྲས་དང་། ཆུང་གྲས། ཆེས་ཆུང་གྲས་ལ་རྒྱབ་སྐྱོར་ཤུགས་ཆེན་དང་སྐྱེད་སྲིང་བྱས་པ་བརྒྱུད་རིག་གནས་ཐོན་ལས་གླིང་ཁུལ་གཅིག་སྡུད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་། རིག་གནས་ཐོན་ལས་ཁེ་ལས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱས་པ་རེད། གཏེར་ལེན་ཁ་གྲོང་ཁྱེར་རྒྱབ་ཐོག་མཚོ་མགོན་གྱི་འདམ་རའི་སྤྱི་གླིང་དང་ཚྭ་འདམ་རིག་གནས་ཐོན་ལས་བསམ་བཀོད་ཐོན་ལས་གླིང་སོགས་རིག་གནས་ཐོན་ལས་ཀྱི་མཐུད་སྐྲུན་རྣམ་གྲངས་འཕེལ་རིམ་བདེ་བླག་བྱུང་བ་དང་། ཀྲོའུ་ནང་གི་རིག་གནས་ཁེ་ལས་10སྒྲིག་འཛུགས་བྱས་ཏེ་2017ལོའི་ཞིང་ཆེན་ཡོངས་ཀྱི་རིག་གནས་ཐོན་ལས་ཀྱི་ཆེད་དོན་མ་དངུལ་རེ་ཞུ་བྱས་པ། རིག་གནས་ཁེ་ལས་13སྒྲིག་འཛུགས་བྱས་ཏེ་སྐབས་བཅུ་གསུམ་པའི་ཀྲུང་གོའི་(ཧྲེན་ཀྲེན)རྒྱལ་སྤྱིའི་རིག་གནས་ཐོན་ལས་དངོས་མང་སྟོན་ཚོགས་ཀྱི་ཉོ་ཚོང་ཚོགས་འདུར་ཞུགས་ནས་མཚོ་ནུབ་མི་རིགས་ཀྱི་གྱོན་གོས་དང་། ཐང་ག ཚྭ་བརྐོས། ཤིང་བརྐོས་སོགས་ཁྱད་ལྡན་མངོན་མིན་རིག་གནས་ཤུལ་བཞག་ཐོན་རྫས་དང་རིག་གནས་གསར་གཏོད་ཐོན་རྫས་289འགྲེམས་སྟོན་ནང་ཞུགས་པ་དང་བརྩམས་ཆོས་10ལྷག་ཙམ་འགྲན་བསྡུར་ནང་ཞུགས་ཡོད་པ་རེད།
          དེ་དང་ཆབས་ཅིག་བཟོ་རྩལ་ཐོན་རྫས་དང་། འཁྲབ་རྩལ་རོལ་རྩེད། རིག་གནས་ཡུལ་སྐོར། ཁྱད་ལྡན་དུས་སྟོན། འགྲེམས་ཚོགས་སོགས་གཙོ་གནད་དུ་བྱས་ནས་ཐོན་ལས་འཕེལ་རྒྱས་ཀྱི་ལས་སྟེགས་བསྐྲུན་ཏེ་ས་ཁོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱས་པ་རེད། འདི་ལོའི་ལོ་སྟོད་དུ་མཚོ་ནུབ་ཀྲོའུ་ཡིས“རིག་གནས་ཡུལ་སྐོར་གྱི་གྲགས་ཅན་ཀྲོའུ”བསྐྲུན་རྒྱུ་དམིགས་ཚད་དུ་བྱེད་པ་དང་དུས་ཆེན་དང་ཚོགས་འདུས་ཡུལ་སྐོར་བྱེད་མཁན་མང་དུ་འགྲོ་བར་སྣེ་ཁྲིད་བྱས་ཏེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བ་བྱས་ནས་2017ལོའི་ཀྲུང་གོའི་མཚོ་སྔོན་གཡུ་འབྲུག་ལྷ་རྩེའི་རི་འཛེག་དུས་ཆེན་དང་། སྐབས་གསུམ་པའི་ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་མི་རིགས་མདའ་འཕེན་གྱི་རྩེར་སོན་འགྲན་བསྡུར། སྐབས་ལྔ་པའི་ཀྲུང་གོའི་མཚོ་སྔོན་འཛམ་གླིང་རི་ཁུལ་གྱི་དངོས་བཤུས་གློག་བརྙན་དུས་ཆེན་སོགས་རིག་གནས་ལུས་རྩལ་བྱེད་སྒོ་ཁག་20ལྷག་ཙམ་སྔ་རྗེས་སུ་སྤེལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།