འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།དྲ་བའི་ཐོག་ནས་འཛད་སྤྱོད་བྱེད་པ།

    —— གངས་ལྗོངས་ས་མཐོའི་ལྷ་སའི་དྲ་ཐོག་འཚོ་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་19ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           “ད་ཆ་ང་ལས་ཀར་འགྲོ་སྐབས་རླངས་འཁོར་དེ་ཙམ་གཏོང་གི་མེད། སྡེ་ཁུལ་ནས་ཐོན་སྐབས་APPཡི་རྩ་གཉིས་ཨང་རྟགས་བཤེར་ནས་རྐང་འཁོར་བཞོན་ཚེ་ལས་ཁུངས་སུ་འབྱོར་སྐབས་སྒོར་ཟུར་ཁ་ཤས་ལས་འགྲོ་གི་མི་འདུག དེ་ནི་ལྗང་མདོག་དང་བདེ་ཐང་ལྡན་པ་ཞིག་འདུག”ལྷ་སར་སྤྱོད་བཞིན་པའི་མཉམ་སྤྱོད་རྐང་འཁོར་སྐོར་གླེང་སྐབས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་ལས་དོན་མི་སྣ་སྤེན་པ་བདེ་སྐྱིད་ཀྱིས་བསྔགས་བརྗོད་ཡང་ཡང་བྱས་ཤིང་སེམས་ནང་གི་དགའ་བ་བརྗོད་ཀྱི་མི་ལང་།
           ཉེ་ཆར། གྲགས་ཅན་སྤུས་རྟགས་ཀྱི་མཉམ་སྤྱོད་རྐང་འཁོར་མང་པོ་ཞིག་གཅིག་མཇུག་གཉིས་མཐུད་ངང་ལྷ་སར་དར་ནས་ལྷ་སའི་མང་ཚོགས་ཀྱི་འཚོ་བའི་ཆ་ཤས་སུ་གྱུར་ཡོད། དེས་མ་ཚད་དྲ་ཐོག་ནས་ཅ་དངོས་ཉོ་སྒྲུབ་དང་། དྲ་ཐོག་ནས་ཟ་མ་མངགས་པ། སྒུལ་འཕྲིན་གཏོང་སྤྲོད། ལག་ཐོགས་ཁ་པར་ནས་སྤ་སེ་ཉོ་བ་སོགས་དྲ་སྦྲེལ་ཡོད་པའི་འཚོ་བ་སྐྱེལ་སྟངས་ལས་ལྷ་སའི་མི་རྣམས་ཀྱི་འཚོ་བར་སྟབས་བདེ་མང་པོ་བསྐྲུན་ཡོད་པ་རེད།
          གློག་བརྙན་ཁང་གི་ལས་དོན་མི་སྣས་ཉེ་བའི་ལོ་གཉིས་ནང་གློག་བརྙན་ཁང་དུ་གློག་བརྙན་ལྟ་བར་ཡོང་མཁན་བརྒྱ་ཆ་དྲུག་ཅུས་དྲ་ཐོག་ནས་སྤ་སེ་ཉོ་གི་ཡོད་པ་དང་ད་དུང་ལ་ལས་གློག་བརྙན་ཁང་གི་ཚོགས་མིའི་གཱ་གཉེར་ནས་གཱ་ནང་ནས་ཉོ་གི་འདུག་ལ། ལ་ལས་དངུལ་སྨར་སྤྲད་དེ་སྤ་སེ་ཉོ་གི་འདུག་ཅེས་བཤད་བྱུང་།
          དྲ་རྒྱའི་འཕྲིན་གཏོང་གི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་ཕྱིན་པར་བརྟེན། བོད་ཀྱི་སྒུལ་འཕྲིན་གཏོང་སྤྲོད་འཕེལ་རྒྱས་མགྱོགས་སུ་ཕྱིན་པ་དང་། ལྷ་ས་འདི་ཉིད་སྒུལ་འཕྲིན་གཏོང་སྤྲོད་ཀྱི་དུས་རབས་སུ་སླེབས་ཡོད། ཕྱིར་བསྐྱོད་ན་དངུལ་སྨར་འཁྱེར་མི་དགོས་པར་ལག་ཐོགས་ཁ་པར་ཁྱེར་ན་ཆོག་པ་དེ་ལྷ་སའི་མང་ཚོགས་མི་ཉུང་བ་ཞིག་གི་འཚོ་བ་སྐྱེལ་སྟངས་གསར་པ་ཞིག་རེད། ལྷ་སའི་མང་ཚོགས་ཀྱིས་དྲ་སྦྲེལ་ལག་རྩལ་འཕེལ་རྒྱས་ལས་བྱུང་བའི་ཕན་པ་ལོངས་སུ་སྤྱོད་བཞིན་ཡོད།
         “སྐད་འཕྲིན་དང་གཏོང་སྤྲོད་འབོ་ཡི་ཐོག་ནས་གཏོང་སྤྲོད་བྱེད་པའི་རེ་བ་བཏོན་མཁན་མང་པོ་ཡོད”སྒུལ་འཕྲིན་གཏོང་སྤྲོད་གཉེར་མི་ཐུབ་པ་ནི་ལྷ་ས་གཞོན་ནུ་ལམ་གྱི་རྒྱུད་འབྲེལ་ཚོང་ཁང་ག་གེ་མོ་ཞིག་གི་སྦྱིན་བདག་སྒྲོལ་མའི་སེམས་ཁྲལ་ཞིག་ཏུ་གྱུར་ཡོད། “ཉིན་གཉིས་སོང་རྗེས་སྒུལ་འཕྲིན་གཏོང་སྤྲོད་གཉེར་རྒྱུ་ཡིན”ཞེས་བཤད་བྱུང་།
           ལྷ་ས་པེ་ཅིང་དཀྱིལ་ལམ་གྱི“ཧའེ་ཐའོ་ཚོང་ཁང”དུ་ཉིན་ལྟར་མི་ཚོགས་ཀྱིས་ཁེངས་ཤིང་། ལས་དོན་མི་སྣ་ཆོས་བཟང་གིས་དྲ་ཐོག་ནས་ཅ་ལག་མངགས་རྗེས་ཚོང་ཁང་དུ་ཅ་ལག་ལེན་པར་ཡོང་གི་འདུག དྲ་ཐོག་ནས་ཅ་ལག་ཉོ་བ་དེ་ནི་ལྷ་སའི་གཞོན་ནུ་མི་ཉུང་བ་ཞིག་གི་གདམ་གར་གྱུར་ཡོད་ཅེས་བཤད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།