འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།འབོ་གསེར་རྒྱལ་ཁབ་ཀྱིས་ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྔར་བས་འཐུས་སྒོ་
    ཚང་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། 

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་19ཉིན། 14:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་17དང་18ཉིན་འབོ་གསེར་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཧྥུའུ་ཅན་ཆོན་ཀྲོའུ་རུ་འཚོགས་ཤིང་། འབོ་གསེར་རྒྱལ་ཁབ་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་། དེ་བཞིན་རྒྱལ་སྤྱིའི་ལྟ་ཞིབ་པ་བཅས་ཀྱིས་ལོ་བཅུའི་རིང་ཀྲུང་གོ་དང་འབོ་གསེར་རྒྱལ་ཁབ་གཞན་དབར་གྱི་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། མ་འོངས་པར་འབོ་གསེར་རྒྱལ་ཁབ་ཀྱིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་ནུས་པ་སྔར་བས་ཆེ་བ་འདོན་ཐུབ་པའི་ངོས་འཛིན་བྱས་པ་རེད།
            པར་ཙིར་གྱི་འབོ་གསེར་སྲིད་ཇུས་ལྟེ་གནས་ཀྱི་ཞིབ་འཇུག་པ་པའོ་ལུའོ·ལུའོ་པེའར་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་ཞུ་སྐབས། འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ལམ་སྲོལ་གྱི་འགག་རྩའི་ནུས་པའི་གྲས་ཤིག་ནི་རྒྱལ་ཁབ་ལྔ་པོ་དེ་དག་གིས་ཕྱོགས་ཁག་ལ་རྒྱུས་མངའ་ལོན་ཚད་དང་ངོས་འཛིན་ཐུབ་ཚད་ཆེ་རུ་གཏོང་བའི་རྨང་གཞིའི་ཐོག འབོ་གསེར་རྒྱལ་ཁབ་ཀྱིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཐད་མཉམ་ལས་བྱ་རྒྱུ་དེ་རེད། ཀྲུང་གོས་རང་ཉིད་ཀྱི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ཡོང་བ་བྱེད་དགོས་པ་མ་ཟད། ཧུར་བརྩོན་ཆེན་པོས་གོ་ལ་ཧྲིལ་པོའི་དཔལ་འབྱོར་གཞི་གཅིག་ཅན་དར་སྤེལ་གཏོང་དགོས་པ་དེ་ཀྲུང་གོ་དང་པར་ཙིར་གྱི་དཔལ་འབྱོར་མཉམ་ལས་ནང་མངོན་གསལ་དོད་པོ་ཡོད་ཅེས་བརྗོད།
           རྒྱ་གར་གྱི་ཉི་ཧེ་ལུའུ་སློབ་ཆེན་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་གི་ཀྲུའུ་རེན་རྡོ་ལ·ཝ་ལ་ཕུའུ་ལ་ས་ཏེ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། རྒྱ་གར་གྱིས་བཟོ་ལས་བཟོ་སྐྲུན་ཁྱབ་ཁོངས་ནང་ཀྲུང་གོའི་ཉམས་མྱོང་དཔྱད་གཞིར་མང་ཙམ་འཛིན་དགོས། རྒྱ་གར་གྱིས་ལྷག་པར་དུ་ཁེ་ལས་འབྲིང་ཆུང་ལ་ཀྲུང་གོའི་ཤང་གྲོང་ཁེ་ལས་དང་ཁེ་ལས་འབྲིང་ཆུང་གི་ཉམས་མྱོང་བཟང་པོར་སློབ་སྦྱོང་བྱས་ཏེ་ཀྲུང་གོའི་སྔོན་ཐོན་གྱི་འདུ་ཤེས་དང་བཟོ་ལས་ལག་རྩལ་སློབ་སྦྱོང་ཧུར་ཐག་བྱས་ནས“རྒྱ་གར་གྱི་ལན་པར”མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཐུབ་རྒྱུར་གདོན་མི་ཟ་བའི་བསམ་བློ་དར་སྤེལ་གཏོང་དགོས། མ་འོངས་ལོ་ཁ་ཤས་ནང་བཟོ་ལས་མཉམ་ལས་དེ་ཀྲུང་གོ་དང་རྒྱ་གར་དབར་མཉམ་ལས་ཟབ་ཏུ་གཏོང་བའི་ཁྱབ་ཁོངས་གལ་ཆེ་ཤོས་ཀྱི་གྲས་སུ་འགྱུར་རྒྱུ་རེད་ཅེས་བརྗོད།
          ཝ་ལ་ཕུའུ་ལ་ས་ཏེ་ཡིས་ངོས་འཛིན་གནང་དོན། ཀྲུང་རྒྱ་རྒྱལ་ཁབ་གཉིས་ཀྱི་ཚན་རིག་ཞིབ་འཇུག་དང་ཞིང་ལས་སོགས་ཁྱབ་ཁོངས་ལ་མཉམ་ལས་ཀྱི་མདུན་ལམ་ཆེན་པོ་ལྡན་ཡོད། ཁོང་གིས་ཀྲུང་རྒྱ་རྒྱལ་ཁབ་གཉིས་ཀྱིས་ཚན་ཞིབ་སྒྲིག་གཞི་ཁག་གཅིག་མཉམ་དུ་འདུས་ཏེ་ཚན་རྩལ་གྱི་ཤེས་ལྡན་མི་སྣ་ཕན་ཚུན་སྤེལ་རེས་དང་སློབ་སྦྱོང་བྱས་ནས་སློབ་གསོ་དང་བཟོ་ལས་ཐད་ཀྱི་མཉམ་ལས་ཟབ་ཏུ་གཏོང་དགོས་པའི་གྲོས་འགོ་བཏོན་ཡོད། ཁོང་གིས་ད་དུང་རྒྱ་གར་གྱིས་ཀྲུང་གོའི་སྔོན་ཐོན་གྱི་ཞིང་ལས་ཚན་རིག་ལག་རྩལ་སློབ་སྦྱོང་བྱས་ནས་རྒྱ་གར་གྱི་འབྲུ་རིགས་ཐོན་འབབ་མང་དུ་གཏོང་དགོས་ཞེས་བརྗོད་པ་རེད།
         འབོ་གསེར་རྒྱལ་ཁབ་ཀྱིས་ཉེ་བའི་ལོའི་ནང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཐད་ཕུལ་བའི་ལེགས་སྐྱེས་སྐོར་གླེང་སྐབས། མོ་ཞི་ཁོའི་རྒྱལ་བཙུགས་རང་སྐྱོང་སློབ་ཆེན་ཀྲུང་མོ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་དཔལ་འབྱོར་རིག་པའི་ཚན་ཁག་གི་དགེ་རྒན་ཆེ་མོ་བ་ཨན་ལི་ཁེ·ཏུའུ་སེར·ཕེ་ཏེ་སིས་གསར་འགོད་པར་ད་ཕན་ལོ་ཤས་རིང་ཀྲུང་གོས་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ལམ་སྲོལ་སོགས་ཀྱི་ལས་སྟེགས་བརྒྱུད་རྒྱལ་ཁབ་དེ་བས་མང་བས་རང་ཉིད་ཀྱི་ཁེ་ཕན་རེ་འབོད་ཧུར་ཐག་བྱེད་པར་ཁྲིད་སྟོན་བྱས་ཏེ་འཛམ་གླིང་གར་སྟེགས་ཐོག་རིམ་བཞིན་སྐྱོད་བཞིན་ཡོད་ཅེས་བཤད།
          ཨུ་རུ་སུའི་རྒྱལ་དམངས་དཔལ་འབྱོར་དང་རྒྱལ་ཁབ་སྲིད་འཛིན་སློབ་གླིང་རྒྱལ་སྤྱིའི་ལམ་ལུགས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ལཱ་ལེ་ཨའོ་ནུའོ་ཝ་ཡིས་ཉེ་བའི་ལོའི་ནང་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་དང་འཛམ་གླིང་དངུལ་ཁང་ནང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འདེམས་ཤོག་འཕེན་དབང་དང་སྐད་ཆ་ཤོད་དབང་ཆེ་རུ་ཕྱིན་པ་དེ་ནི་འབོ་གསེར་རྒྱལ་ཁབ་ཀྱིས་མཉམ་ལས་བྱས་པའི་གྲུབ་འབྲས་གཙོ་བོའི་གྲས་ཤིག་རེད་ཅེས་བཤད།
          རྒྱལ་སྤྱིའི་ལྟ་ཞིབ་པ་ཚོས་ཀྱང་འབོ་གསེར་རྒྱལ་ཁབ་ཀྱིས་མ་འོངས་པའི་གོ་ལ་ཧྲིལ་པོ་བཅོས་སྐྱོང་ཐད་འདོན་པའི་ནུས་པར་ཁས་ལེན་གང་ལེགས་བྱས་པ་རེད། ཁོང་ཚོས་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཡང་བསྐྱར་དོ་སྙོམས་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྱབ་ཁོངས་ནང་འབོ་གསེར་རྒྱལ་ཁབ་ཀྱིས་གལ་འགངས་ཆེ་བའི་ནུས་པ་འདོན་པ་དང་འབྲེལ་ཕན་ཚུན་གྱི་མཉམ་ལས་ཟབ་ཏུ་གཏོང་བར་ནུས་པ་གལ་ཆེན་འདོན་རྒྱུ་དར་སྤེལ་ཡང་བཏང་ཡོད།
          ལྷོ་ཨ་ཧྥེ་རི་ཁའི་ཚད་ལྡན་དངུལ་ཁང་གི་མཐོ་རིམ་ཆབ་སྲིད་དཔལ་འབྱོར་རིག་པ་མཁས་ཅན་ཧྥུའུ་ལི་མན་ཐེའར་གྱིས་འབོ་གསེར་རྒྱལ་ཁབ་ལ་དཔལ་འབྱོར་བསྡོམས་འབོར་གྱི་གལ་ཆེའི་རང་བཞིན་ལྡན་པ་ཕུད། ད་དུང་མི་འབོར་གྱི་གཞི་གྲངས་ཧ་ཅང་བོངས་ཆེ་བས། དཔལ་འབྱོར་དང་ཡང་ན་སྤྱི་ཚོགས་ངོས་ནས་སྐད་ཆ་ཤོད་དབང་ཆེན་པོ་ཡོད་པ་དེ་ནི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་ནུས་པ་གལ་འགངས་ཆེན་པོ་ལྡན་ཡོད་ཅེས་བརྗོད། ཁོང་གིས་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ལས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་རྒྱལ་སྤྱིའི་ལས་སྟེགས་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུ་རེད། འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ནི་འགྲན་རྩོད་ཀྱི་འབྲེལ་བའི་ཐོག་བཙུགས་པ་ཞིག་གཏན་ནས་མིན། དེ་ནི་ད་ཡོད་ཀྱི་རྒྱལ་སྤྱིའི་རྩ་འཛུགས་སྒྲིག་གཞིའི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་དང་འབྲེལ། དེ་བས་མང་བའི་གསར་དར་དཔལ་འབྱོར་སྒྲིག་གཞི་དང་དེ་བཞིན་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཚབ་ཀྱང་བྱེད་ཐུབ་ཀྱི་ཡོད་ཅེས་བརྗོད།
          རྒྱལ་སྤྱིའི་ལྟ་ཞིབ་པ་ཚོས་གོ་ལ་ཧྲིལ་པོ་ཅན་གྱི་འཕེལ་ཕྱོགས་ལྡོག་མི་རུང་། འབོ་གསེར་རྒྱལ་ཁབ་ཀྱིས་ད་ཡོད་ཀྱི་སྐད་ཆ་ཤོད་རེས་དང་མཉམ་ལས་ལམ་སྲོལ་བརྒྱུད་གོ་ལ་ཧྲིལ་པོ་ཅན་གྱི་འཕེལ་རྒྱས་རྨང་གཞི་སྔར་བས་བརྟན་དུ་བཏང་སྟེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་ཕན་བདེ་སྐྲུན་དགོས་ཞེས་ནན་བཤད་བྱས་པ་རེད། མོ་ཞི་ཁོའི་ཧྥན་མེ་སློབ་ཆེན་གྱི་སྲིད་གཞུང་དང་དཔལ་འབྱོར་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཅཱ་པུའུ་ལེ་ཨེའར·ཏེ་ཕེ་ལའར་གྱིས་ཟླ་དགུ་པར་ཀྲུང་གོར་གཉེར་རྒྱུ་ཡིན་པའི་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ལས་གོ་ལ་ཧྲིལ་པོ་ཅན་ལ་རྒྱབ་སྐྱོར་བྱེད་པའི་གལ་ཆེའི་མཚོན་རྟགས་མངོན་པའི་ཡིད་ཆེས་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།