འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་རྨ་ལྷོའི་ལྷ་མོ་གསར་གཏོད་དང་རྒྱུན་འཛིན་བྱེད་ཐབས་དེང་རབས་གར་སྟེགས་ཐོག་སྐྱོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་23ཉིན། 16:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། “སྐལ་བཟང་། རྐང་པ་གཡས་པ་མ་སྤོས་གོང་རྐང་མཐིལ་སྔོན་ལ་འཛུགས་པ་དང་ཆབས་ཅིག་ལག་པ་གཡོན་མ་རྐྱོང་བཞིན་མིག་གིས་ལག་པར་ལྟ་དགོས” ཟླ་7ཚེས་9ཉིན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རིག་གནས་ལུས་རྩལ་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱི་ནང་སྦྱོང་ཁང་དུ་ལྷ་མོ་འཁྲབ་མཁན་རྒན་གྲས་ཁག་གཅིག་གིས་སློབ་མ་ཚོའི་གཟུགས་པོའི་འགུལ་སྟངས་ཡོ་བསྲང་བྱེད་བཞིན་འདུག རྔ་སྒྲ་སྙན་ལ་གཞས་གདངས་མཐོ་བའི་ལྷ་མོ་ནང་སྦྱོང་དེར་ལྟ་བར་ཡོང་མཁན་ཧ་ཅང་མང་པོ་ཡོད།
           དེ་ནི་མཚོ་སྔོན་ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིང་གིས་གཉེར་བའི“ཨ་མདོའི་ལྷ་མོའི་གསོ་སྦྱོང་འཛིན་གྲྭར”ནང་སྦྱོང་བྱེད་པའི་རྣམ་པ་རེད། ཟླ་7ཚེས་5ཉིན་རྒྱལ་ཁབ་ཀྱི་སྒྱུ་རྩལ་ཐེབས་རྩས་2016ལོ་འཁོར་དུ་མ་དངུལ་རོགས་རམ་བྱས་པའི་སྒྱུ་རྩལ་ཤེས་ལྡན་མི་སྣའི་གསོ་སྦྱོང་རྣམ་གྲངས་ཤིག་ཡིན་པའི“ཨ་མདོའི་ལྷ་མོའི་གསོ་སྦྱོང་འཛིན་གྲྭ”སློབ་འགོ་ཚུགས་པ་ཞིག་ཡིན་པ་དང་མཚོ་སྔོན་དང་། བོད་ལྗོངས། ཀན་སུའུ་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་ནས་སླེབས་པའི་སློབ་མ་40ལྷག་ཙམ་གྱིས་རྨ་ལྷོ་ཀྲོའུ་རུ་དུས་ཡུན་ཉིན་40ཡི་ལྷ་མོའི་ནང་སྦྱོང་བྱེད་འགོ་ཚུགས་པ་རེད།
           བོད་རིག་གནས་ཀྱི“འགྱུར་རྡོ་གསོན་པ”ཞེས་བརྗོད་པའི་ལྷ་མོ་600ལྷག་ཙམ་གྱི་གོང་ནས་དར་བ་དང་2009ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་མིང་གཞུང་ནང་བཅུག་པ་རེད། བོད་རིགས་ས་ཁུལ་གྱི་སྐད་ཆའི་ཁྱད་པར་ལ་གཞིགས་ནས་ལྷ་མོར་དབུས་གཙང་དང་། ཨ་མདོ། ཁམས་པ་བཅས་ཀྱི་ལྷ་མོ་སོགས་ལུགས་མི་འདྲ་བ་ཡོད་པའི་ཁྲོད་མཚོ་སྔོན་རྨ་ལྷོའི་ལྷ་མོ་ནི་ཨ་མདོའི་ལྷ་མོའི་དཔེ་མཚོན་རང་བཞིན་གྱི་མཚོན་བྱེད་ཅིག་ཡིན་པའི་ངོས་ནས་འཁྲབ་རྩལ་དམིགས་བསལ་ཅན་ཞིག་ཡོད། 2006ལོར་རྨ་ལྷོའི་ལྷ་མོ་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྣམ་གྲངས་ཀྱི་མིང་གཞུང་ནང་ཐོག་མར་བཅུག་པ་རེད།
         རྨ་ལྷོའི་ལྷ་མོ་དེ་ས་གནས་དེ་གར་ཁྱབ་པའི་དམངས་ཁྲོད་ཀྱི་ཤོད་རྒྱུན་དང་ནང་བསྟན་གྱི་གསུང་རབ་སོགས་ནས་བྱུང་བ་དང་འཁྲབ་ཆས་མཛེས་ལ་འཁྲབ་སྟངས་ཧ་ཅང་ཁག་པོ་ཡོད།
          མཚོ་སྔོན་ཞིང་ཆེན་ལྷ་མོ་ཚོགས་པའི་ཚོགས་གཙོ་རྨ་ལྷོའི་ལྷ་མོའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་རིན་ཆེན་རྒྱལ་གྱིས་རྒྱལ་ཁབ་ཀྱིས་སྒྱུ་རྩལ་ཐེབས་རྩའི་མ་དངུལ་རོགས་སྐྱོར་དང་སྲིད་གཞུང་གིས་སློབ་སྦྱོང་བྱ་ཡུལ་བཏོད་པ་ལས་ལྷ་མོ་རྒྱུན་འཛིན་བརྟན་པོ་ཐུབ་ནས་འཁྲབ་སྟོན་གྱི་ཆ་རྐྱེན་ལེགས་སུ་ཕྱིན་པ་མ་ཟད། འཁྲབ་སྟོན་པ་ཚོའི་འཁྲབ་སྟོན་དང་གསར་གཏོད་ནུས་པའང་ཆེ་རུ་ཕྱིན་པ་དང་ཆབས་ཅིག་དམངས་ཁྲོད་དུ་ལྷ་མོ་སྦྱོང་བའི་ཧུར་སེམས་ཀྱང་ཆེས་ཆེར་འཕེལ་ཡོད་ཅེས་ངོ་སྤྲོད་བྱས།
           ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩ་2014ལོར་བཙུགས་ཚུན་2015ལོ་དང་2016ལོར་བསྟུད་མར་མཚོ་སྔོན་རྨ་ལྷོའི་ལྷ་མོའི་གར་སྟེགས་སྒྱུ་རྩལ་གསར་གཏོད་དང་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་མ་དངུལ་རོགས་རམ་བྱས་པ་མི་དམངས་ཤོག་སྒོར་ཁྲི་340ཟིན་ཡོད།
         རིན་ཆེན་རྒྱལ་གྱིས“དེ་སྔ་དང་མི་འདྲ་བ་ཞིག་ལ་ད་ཆ་ལྷ་མོའི་རྒྱུན་འཛིན་པ་དགེ་སློབ་ཁོ་ན་མ་ཡིན་པར། རྒྱལ་ཁབ་རིམ་པའི་རེབ་གོང་རིག་གནས་སྣོད་བཅུད་སྲུང་སྐྱོང་ཚོད་ལྟའི་ཁུལ་རྨ་ལྷོར་བཙུགས་རྗེས་ལྷ་མོའི་རྒྱུན་འཛིན་པ་ནང་སྦྱོང་ཁང་དུ་བསྐྱོད་ནས་དེ་སྔའི་ངག་རྒྱུན་ཁོ་ན་ནས་བརྗོད་པའི་འཁྲབ་སྟོན་ལ་འཁྲབ་གཞུང་ཡོད་པ་དང་ཆབས་ཅིག་གར་སྟེགས་ཀྱི་རྣམ་པ་དང་རྒྱུད་ལམ་སྣ་མང་གི་ལག་རྩལ་སྤྱོད་ཀྱི་ཡོད། གནའ་བོའི་མངོན་མིན་རིག་གནས་ཤུལ་བཞག་དེ་རྣམ་པ་གསར་རྐྱང་ཞིག་གི་ཐོག་ནས་དེང་རབས་གར་སྟེགས་སུ་བསྐྱོད་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།