འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་སར་པི་ཡའི་དཔལ་འབྱོར་ཚོང་དོན་མཉམ་ལས་དུས་བསྟུན་འཕེལ་རྒྱས་གཏོང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་24ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ད་ཕན་ལོ་ཤས་རིང་། “རྒྱུད་གཅིག་ལམ་གཅིག”བསྐྲུན་པའི་གོ་སྐབས་དང་བསྟུན་ནས་ཀྲུང་གོ་དང་སར་པི་ཡའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་མཉམ་ལས་བྱེད་ཁྱོན་དང་གཏིང་ཟབ་ཚད་ཟམ་མི་ཆད་པར་སྐས་རིམ་གསར་པར་སླེབས་ཡོད། ཀྲུང་གོ་ཕྱོགས་ཞུགས་པའི་རྣམ་གྲངས་ཆེ་གྲས་ཁག་སར་པི་ཡའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གལ་ཆེན་གྱི་གྲས་སུ་གྱུར་ཡོད།
            ཀྲུང་གོའི་འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། 2016ལོར་ཀྲུང་གོ་དང་སར་པི་ཡ་ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་5.96ཟིན་ནས་དུས་མཚུངས་ལས་8.37%འཕར་བའི་ནང་ཀྲུང་གོ་ཕྱོགས་ཀྱིས་ནང་འདྲེན་བྱེད་ཚད་ལོ་གཉིས་བསྟུད་མར་གྲངས་གནས་གཉིས་ཀྱི་འཕར་ཚད་རྒྱུན་འཁྱོངས་ཐུབ་པ་རེད།
            གྲངས་ཀ་དང་བསྡུར་ཚེ་ཀྲུང་གོ་ཕྱོགས་ཞུགས་པའི་ཞིབ་ཕྲ་ལ་གསོན་ཉམས་ལྡན་པའི་རྣམ་གྲངས་རེ་རེ་ལས་སར་པི་ཡའི་དམངས་ཚོགས་ལ་དེ་བས་ཟབ་པའི་མྱོང་ཚོར་དང་དངོས་ཕན་ཐོབ་ཡོད།
            2014ལོའི་ལོ་མཇུག་ཏུ་འཛུགས་སྐྲུན་ལེགས་གྲུབ་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པའི་པའེ་ཀེ་རེ་ཏེའི་ཏུའོ་ནའོ་གཙང་པོ་བརྒལ་བའི་ཟམ་ཆེན་ནི་ཀྲུང་གོའི་ཁེ་ལས་ཀྱིས་ཡོ་རོབ་ཏུ་སྐྲུན་འགན་ཁུར་བའི་ཟམ་ཆེན་གྱི་རྣམ་གྲངས་དང་པོ་དེ་ཡིན་ལ་དུས་ཡུན་ལོ་གསུམ་ནང་ལེགས་གྲུབ་ཟིན་པ་མ་ཟད། དེ་ནི་ཉེ་བའི་ལོ་70ཡི་རིང་སར་པི་ཡས་ཏུའོ་ནའོ་གཙང་པོའི་སྟེང་གསར་དུ་བརྒྱབ་པའི་ཟམ་ཆེན་དང་པོ་དེའང་རེད།
            ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་སར་པི་ཡའི་ཁོའོ་སི་ཐུའོ་ལ་ཚེ་མེ་ཤུགས་གློག་འདོན་ས་ཚིགས་ཀྱི་Bབཟོ་གྲྭའི་རྣམ་གྲངས་དེ་ནི་ཀྲུང་གོས་ཡོ་རོབ་ཏུ་འགན་གཙང་བླངས་པའི་གློག་ཤུགས་རྣམ་གྲངས་དང་པོ་དེ་ཡིན་པ་དང་། ཀྲུང་གོའི་མེ་ཤུགས་གློག་འདོན་ལག་རྩལ་གྱི་སྒྲིག་ཆས་དང་ཀྲུང་གོའི་ཚད་གཞིར་ཡོ་རོབ་ཀྱི་ཁས་ལེན་ཐོབ་རྒྱུ་མ་ཟད། དངོས་སུ་ཁྱབ་གདལ་གཏོང་བའི་གོ་སྐབས་ཀྱང་ཐོབ་རྒྱུ་རེད།
             གཞན་ཡང་། 2016ལོའི་ཟླ་4པར། ཀྲུང་གོ་ཧོ་ཀང་ཚོགས་པས་དེ་སྔ“སར་པི་ཡའི་སྤོབས་པ”ཞེས་བརྗོད་པའི་སི་མའེ་ཏེ་ལེ་ཨུ་ངར་ལྕགས་བཟོ་གྲྭ་ཉོས་པས་ལོ་བརྒྱ་སོང་བའི་བཟོ་གྲྭ་རྙིང་པ་དེར་སླར་ཡང་གསོན་ཤུགས་འཕེལ་ཡོད། 2017ལོའི་ལོ་འགོར་སར་པི་ཡའི་ཀྲུང་གོའི་མ་འཇོག་དངུལ་ཁང་དང་པོ་ཀྲུང་གོ་དངུལ་ཁང་(སར་པི་ཡའི)ཚད་ཡོད་ཀུང་སི་བཙུགས་ནས་ཕྱོགས་གཉིས་པོའི་དབར་གྱི་དངུལ་རྩའི་མཉམ་ལས་སྔར་བས་གཏིང་ཟབ་ཏུ་སོང་ཡོད། 2017ལོའི་ལོ་འགོར་ཀྲུང་གོ་དང་སར་པི་ཡ་དབར་ལམ་ཡིག་དཀྱུས་མ་ཡོད་ཚེ་རྒྱལ་གྲོལ་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་མངོན་འགྱུར་བྱུང་ནས་སར་པི་ཡ་འདི་ཉིད་ལམ་ཡིག་དཀྱུས་མ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ལ་རྒྱལ་གྲོལ་ཐོངས་མཆན་འགོད་མི་དགོས་པའི་ཡོ་རོབ་ཀྱི་རྒྱལ་ཁབ་དང་པོ་དེར་གྱུར་བ་རེད།
            ཁོའོ་སི་ཐུའོ་ལ་ཚེ་མེ་ཤུགས་གློག་འདོན་ས་ཚིགས་རྣམ་གྲངས་ལག་ལེན་བསྟར་བ་དེས་མཐའ་འཁོར་གྱི་གཞུང་ལམ་དང་སློབ་གྲྭ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཕྱིན་པ་དང་སྦྲགས། ས་ཆ་དེ་གའི་སྡེ་ཁུལ་ལའང་ཕན་པ་ཐོབ་ཡོད། ས་ཆ་དེ་གའི་ཀུང་སི་མང་པོ་ཞིག་གིས་རྣམ་གྲངས་ལ་མཁོ་བའི་ཉམས་གསོ་དང་ལྷུ་ལག་མཁོ་སྤྲོད་སོགས་ཀྱི་ཞབས་ཞུ་བྱས་ཏེ་གོང་འོག་གི་ཐོན་ལས་སྦྲེལ་ཐག་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་བྱས་ཡོད། གཞན་ཡང་གློག་འདོན་ས་ཚིགས་རྣམ་གྲངས་ཀྱིས་ད་དུང་ལས་གནས་གསར་པ་བཏོད་དེ་ས་ཆ་དེ་གའི་ལས་ཞུགས་ལ་སྐུལ་ཁྲིད་ནུས་ལྡན་བྱས་པ་རེད།
             ཀྲུང་གོ་དང་སར་པི་ཡའི་མཉམ་ལས་ལ་རྒྱལ་ཁབ་གཉིས་པོའི་ལས་རིགས་ཁག་གི་མི་སྣའི་ཚད་མཐོའི་གདེང་འཇོག་ཐོབ་པ་དང་། སར་པི་ཡའི་རྒྱལ་སྤྱིའི་གནད་དོན་རིགས་གཅིག་མཁས་ཅན་རེ་ཝ་ཏིང·གཡོད་དབན་ནུའོ་ཝེ་ཆིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོ་དང་སར་པི་ཡའི“རྒྱུད་གཅིག་ལམ་གཅིག”སྒྲོམ་གཞིའི་འོག་གི་མཉམ་ལས་བྱ་རྒྱུ་ནི་གཉིས་ཁེ་གཉིས་ཕན་མཉམ་ལས་ཀྱི་དཔེ་མཚོན་ཞིག་རེད་ཅེས་བརྗོད།
          སར་པི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་མན་ཁྲང་གིས་ཀྲུང་གོ་དང་སར་པི་ཡའི་མཉམ་ལས་ཀྱིས་ཀྲུང་གོ—ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་ལ་དཔེ་མཚོན་བཏོད་པ་མ་ཟད། ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་གསུངས།
           མིག་སྔར། དེ་སྔའི་མཉམ་ལས་རྣམ་གྲངས་ཕུད། ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་ཀྱང་མཉམ་ལས་ཁྱབ་ཁོངས་གཞན་དག་འཚོལ་ཞིབ་ཧུར་ཐག་བྱེད་ཀྱི་ཡོད། ལི་མན་ཁྲང་གིས་དཔལ་འབྱོར་ཐད་ཀྲུང་གོ་དང་སར་པི་ཡའི་མཉམ་ལས་ཀྱི་གཙོ་གནད་དེ་ཐོག་མའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ་ནས་མ་འཇོག་དང་ཚོང་དོན་ཕྱོགས་སུ་བསྒྱུར་ཏེ་སྣ་མང་ཅན་གྱི་འཕེལ་ཕྱོགས་མངོན་ཡོད། འབྱུང་འགྱུར་དུས་མཚམས་ཤིག་ནང་ཞིང་ལས་དང་། འབྲོག་ལས། ས་འོག་ཚ་ནུས། བཙོག་ཆུ་གཙང་གསིང་སོགས་ཐད་མཉམ་ལས་བྱ་རྒྱུ་དེ་ཀྲུང་གོ་དང་སར་པི་ཡའི་མཉམ་ལས་ཀྱི་བཀྲག་མདངས་འཚེར་ས་གསར་པར་གྱུར་རྒྱུ་རེད་ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།