འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ལོ་ཝེ་ཉི་ཡའི་ཙུང་ཐུང་གིས་སི་ཀྲུང་རྒྱལ་ཁབ་གཉིས་ཀྱི་ཚན་རྩལ་མཉམ་ལས་འཕེལ་རྒྱས་
    གཏོང་དགོས་པའི་ནན་བཤད་གནང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་19ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་14ཉིན། སི་ལོ་ཝེ་ཉི་ཡའི་ཙུང་ཐུང་ཕ་ཧོའར་གྱིས་ལི་པོ་ཡ་ནར་ཡོན་ཀྲང་པེ་ཁྲུན་ལི་ཡིས་སྣེ་ཁྲིད་པའི་ཀྲུང་གོ་ཚན་རིག་ཁང་གི་འཐུས་མི་ཚོགས་པ་བཅས་པར་མཇལ་འཛོམས་གནང་ནས་སི་ཀྲུང་རྒྱལ་ཁབ་གཉིས་ཀྱི་ཚན་རྩལ་མཉམ་ལས་འཕེལ་རྒྱས་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
         ཕ་ཧོའར་གྱིས་ཀྲུང་གོ་ཕྱོགས་ཀྱི་འཐུས་མི་ཚོགས་པ་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་འབྲེལ་ལོ་མང་རིང་ཀྲུང་གོ་ཚན་རིག་ཁང་གིས་སི་ལོ་ཝེ་ཉི་ཡ་ཕྱོགས་ལ་རྒྱབ་སྐྱོར་དང་མཛའ་གྲོགས་མཉམ་ལས་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་སི་ཀྲུང་རྒྱལ་ཁབ་དབར་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བ་ཟབ་མོ་ཡོད་པ་དེ་ནི་ཕན་ཚུན་ཡིད་ཆེས་བྱེད་པའི་རོགས་ཟླ་བཟང་པོ་ཞིག་ཡིན་པས་སི་ཀྲུང་རྒྱལ་ཁབ་གཉིས་ཀྱིས་དངོས་སྒྲུབ་མཉམ་ལས་ཀྱི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་བས་མཐོ་བའི་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         ཕ་ཧོའར་གྱིས་ད་ཕན་ལོ་ཤས་ནང་ཀྲུང་གོའི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པས་སི་ལོ་ཝེ་ཉི་ཡ་ལ་བབ་ཆགས་ཟབ་མོ་བཞག་ཡོད། སི་ལོ་ཝེ་ཉི་ཡ་ཕྱོགས་ཀྱིས་སྔར་ནས་བཟུང་ཀྲུང་གོ་སྲིད་གཞུང་གིས་ཚན་རྩལ་འཕེལ་རྒྱས་ལ་ཁྲིད་སྟོན་བྱས་ནས་ཐོབ་པའི་གྲུབ་འབྲས་རླབས་ཆེན་གྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིའི་མེ་ལོང་དུ་འཛིན་གྱི་ཡོད། རྒྱལ་ཁབ་གཉིས་པོས་ཕྱོགས་ཡོངས་མཉམ་ལས་དང་ལྷག་དོན་དུ་ཚན་རིག་ལག་རྩལ་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ཅེས་གསུངས།
         མཇལ་འཛོམས་གནང་སྐབས་པེ་ཁྲུན་ལི་ཡིས་ཀྲུང་སི་རྒྱལ་ཁབ་གཉིས་དབར་འབྲེལ་བ་བཙུགས་ནས་ལོ་25སོང་རིང་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ལམ་ལུགས་མི་འདྲ་རུང་མཛའ་མཐུན་མཉམ་གནས་དང་རྒྱུན་ཆད་མེད་པར་མཉམ་ལས་བྱེད་ཟབ་ཏུ་གཏོང་བའི་ལོ་རྒྱུས་འཕེལ་རིམ་ལ་ཕྱིར་དྲན་གནང་ཞིང་། ཁོང་གིས་ཀྲུང་གོ་ཚན་རིག་ཁང་གིས་རྒྱལ་སྤྱིའི་མཉམ་ལས་གནས་ཚུལ་དང་རྒྱལ་སྤྱིའི་འཐབ་ཇུས་དང་དེ་བཞིན་ཕྱི་རྒྱལ་གྱི་ཚན་སློབ་རྒྱ་བསྐྱེད་འདུ་འགོད་ངོ་སྤྲོད་གནང་ཁར“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་སྒྲོམ་གཞི་ཆེན་པོའི་འོག་སི་ལོ་ཝེ་ཉི་ཡ་ཕྱོགས་དང་དངོས་སྒྲུབ་མཉམ་ལས་མུ་མཐུད་བྱེད་ཟབ་ཏུ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།