འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་རི་འཛེག་རུ་ཁག་གིས་ས་བབ་མཐོ་ཚད་སྨི་8000ཡན་གྱི་རི་བོ་མཐོ་ཤོས་14
    ལ་འཛེགས་ནས་ལོ་བཅུ་འཁོར་བར་རྟེན་འབྲེལ་ཞུས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་14ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་རི་འཛེག་རུ་ཁག་གིས་ས་བབ་མཐོ་ཚད་སྨི་8000ཡན་གྱི་རི་བོ་མཐོ་ཤོས་14
ལ་འཛེགས་ནས་ལོ་བཅུ་འཁོར་བར་རྟེན་འབྲེལ་ཞུས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་12ཉིན་གྱི་སྔ་དྲོ། བོད་ལྗོངས་རི་འཛེག་སློབ་གྲྭའི་སྒོ་རའི་ནང་མི་ཚོགས་ཀྱིས་ཁེངས་པ་དང་ཀྲུང་གོའི་རི་འཛེག་རུ་མི་རྒན་གཞོན་མཉམ་འཛོམས་བྱས་ཏེ། བོད་ལྗོངས་རི་འཛེག་མྱུལ་དཔྱད་རུ་ཁག་གིས་ས་བབ་མཐོ་ཚད་སྨི་8000ཡན་གྱི་རི་བོ་མཐོ་ཤོས་14ལ་འཛེགས་ནས་ལོ་བཅུ་འཁོར་བར་རྟེན་འབྲེལ་ཞུ་བཞིན་མཆིས།
         ལོ་བཅུ་ཡི་གོང་གི་ཟླ་7ཚེས་12ཉིན། ཚེ་རིང་རྡོ་རྗེ་དང་། སྤེན་པ་བཀྲ་ཤིས། བློ་ཚེ་བཅས་ཀྱིས་ས་བབ་མཐོ་ཚད་སྨི་8068ཟིན་པའི་འཛམ་གླིང་གི་རི་བོ་མཐོ་ཤོས་བཅུ་གཅིག་པ་རི་བོ་ཅ་ཧྲུའུ་པུའུ་ལུའུ་མུར་འཛེགས་པ་དང་། ད་བར་བོད་ལྗོངས་རི་འཛེག་རུ་ཁག་གིས་ལོ་14ཡི་རིང་ཚོགས་པའི་རྣམ་པར་བརྟེན་ནས་གོ་ལ་ཧྲིལ་པོའི་ས་བབ་མཐོ་ཚད་སྨི་8000ཡན་གྱི་རི་བོ་མཐོ་ཤོས་ཚང་མར་དཔའ་ཉམས་དོད་པོའི་སྒོ་ནས་འཛེགས་ཡོད་པ་རེད།
         སྐབས་དེ་དུས་ཀྱི་རི་རྩེར་འཛེགས་པའི་ལོ་རྒྱུས་ལ་ཕྱིར་དྲན་བྱེད་སྐབས། འདི་ལོ་ལོ་52ལ་སླེབས་པའི་སྤེན་པ་བཀྲ་ཤིས་ཀྱིས་དྲན་གསོའི་བྱེད་སྒོ་སྤེལ་ཡུལ་དུ“གྲུབ་འབྲས་དེ་ལས་རི་འཛེག་གི་རྒྱལ་ཁབ་སྟོབས་ཆེན་ཡིན་པའི་ཀྲུང་གོའི་སྟོབས་ཤུགས་ར་སྤྲོད་གང་ལེགས་ཐུབ་ཡོད”ཅེས་སེམས་འགུལ་ཆེན་པོའི་སྒོ་ནས་བཤད།
         གོ་ལ་ཧྲིལ་པོའི་ས་བབ་མཐོ་ཚད་སྨི་8000ཡན་གྱི་རི་བོ་མཐོ་ཤོས་14ཚང་མ་ནི་རི་བོ་ཧི་མ་ལ་ཡ་དང་ཁུ་ནུ་རི་བོའི་རི་རྒྱུད་དུ་གནས་ཡོད། བོད་ལྗོངས་རི་འཛེག་རུ་ཁག་གི་གོང་དུ་འཛམ་གླིང་ཐོག་མི་བཅུ་ལྷག་ཙམ་གྱིས་མི་སྒེར་གྱི་མིང་ཐོག་ནས་རི་བོ་མཐོ་ཤོས་14ལ་གྲུབ་འབྲས་ཐོབ་པའི་སྒོ་ནས་འཛེགས་པ་དང་། ལོ་བཅུ་ཡི་གོང་དུ་བོད་ཀྱི་རི་འཛེག་མཁས་ཅན་གསུམ་གྱིས་རི་རྩེར་འཛེགས་ནས་གསར་དར་རི་འཛེག་རྒྱལ་ཁབ་སྟོབས་ཆེན་ཀྲུང་གོ་རྒྱལ་སྤྱིའི་རི་འཛེག་ལས་རིགས་ཁྲོད་ཀུན་གྱིས་ཁས་ལེན་བྱེད་པའི“སྤྲོ་སྐྱིད་ཁང་14”ཡི་མིང་གྲལ་དུ་ཐོག་མར་ཚུད་པ་རེད།
         ལོ་14ཡི་རིང་རི་འཛེག་བྱ་གཞག་དོན་གཉེར་བྱས་པ་དེ་ནི་གཟི་བརྗིད་དང་དགའ་སྐྱོ་ཟུང་དུ་སྦྲེལ་བའི་འགྲུལ་བཞུད་ལམ་བུ་ཞིག་རེད། 2005ལོའི་ཟླ་5ཚེས་27ཉིན། མྱུལ་དཔྱད་རུ་ཁག་གིས་ཕ་ཁི་སི་ཐན་གྱི་མངའ་ཁོངས་ནས་རི་བོ་ཅ་ཧྲུའུ་པུའུ་ལུའུ་མུའི་སྒར་ས་དང་པོའི་ཕྱོགས་སུ་སྐྱོད་པའི་ལམ་བར་དུ་རླངས་འཁོར་ལ་རྦབ་རྡོ་ཟགས་ནས་རུ་མི་གཙོ་བོའི་གྲས་ཀྱི་རིག་གནས་ཀྱི་མགོ་བོར་རྡོ་ཕོག་ནས་རྐྱེན་ལམ་དུ་ཤོར་བ་དང་སྤེན་པ་བཀྲ་ཤིས་ལ་རྨས་སྐྱོན་ཚབས་ཆེན་ཕོག་པ་རེད།
          སྤེན་པ་བཀྲ་ཤིས་ཀྱིས“དེ་རིང་ནི་རྟེན་འབྲེལ་ཞུ་བའི་ཉིན་མོ་ཞིག་རེད། འོན་ཀྱང་ང་ལ་སེམས་ནད་ཆེན་པོ་ཞིག་འདུག”གང་ལགས་ཤེ་ན། “རིག་གནས་ནི་ངའི་ལས་རོགས་ཡག་ཤོས་ཤིག་རེད། ཁོང་མེད་པས་རྟེན་འབྲེལ་ག་ཚོད་གཟབ་རྒྱས་ཤིག་བྱས་ནའང་སྟོད་ཐུང་སྙིང་རྗེ་པོར་འཐེབ་ཆི་མེད་པ་དང་ཕུ་ཐུང་ཐུང་དྲག་པ་དང་གཉིས་སུ་མ་མཆིས”ཞེས་བཤད། ལོ་བཅུ་ལྷག་ཙམ་འདས་ཀྱང་གྲོགས་པོ་ཡག་པོར་མྱ་ངན་ཞུ་བའི་སེམས་པ་རི་འཛེག་པ་རྒན་གྲས་དེའི་སེམས་སུ་ནམ་ཡང་བཅངས་ནས་ཡོད།
          ལས་འཛོལ་དེས་སྤེན་པ་བཀྲ་ཤིས་ཀྱི་གཟུགས་པོར་ཤུགས་རྐྱེན་ངན་པ་བཟོས་ཡོད། འོན་ཀྱང་ཁོང་གིས་མི་ཕལ་པ་ལས་ལྷག་པའི་སྙིང་སྟོབས་ལ་བརྟེན་ནས་2007ལོར་རི་འཛེག་མཐའ་མ་དེ་ལེགས་སྒྲུབ་བྱས། དུས་ད་ཆའི་བར་ཁོང་གི་རྣ་ཅོག་གཡས་པ་རྦད་དེ་འོན་པ་དང་གདོང་གི་ཆ་ཤས་ཀྱང་འཁུམས་ནས། སྔོན་ཆད་ནང་སར་གཤག་བཅོས་བྱེད་པར་ཐེངས་མང་བསྐྱོད་པ་རེད།
         སྤེན་པ་བཀྲ་ཤིས་ཀྱིས་རི་འཛེག་གི་ལམ་བུ་བདམས་པས“དུས་ནམ་ཡང་གནོང་འགྱོད་མི་འདུག”ཅེས་བཤད།
         “དཀའ་ཉེན་ལ་མི་སྐྲག་པ་དང་། སྙིང་རུས་ཆེན་པོས་བརྩོན་ལེན་བྱེད་པ། མཐུན་སྒྲིལ་གཞོགས་འདེགས་བྱེད་པ། མེས་རྒྱལ་གོང་དུ་བཀུར་བ། དཔའ་ངར་ཆེན་པོས་རི་མཐོར་འཛེག་པ”བཅས་ནི་བོད་ལྗོངས་རི་འཛེག་རུ་ཁག་གི་སྙིང་སྟོབས་མཚོན་པའི་སྲོག་ཤིང་གི་ནང་དོན་ཞིག་རེད། དྲན་གསོའི་བྱེད་སྒོ་སྤེལ་ཡུལ་དུ་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཏང་ཙུའི་ཧྲུའུ་ཅི་སུན་ཡུང་ཕིང་གིས“བོད་ལྗོངས་རི་འཛེག་རུ་ཁག་ནི་དཔའ་མཛངས་ལྡན་པའི་ཚོགས་པ་ཞིག་རེད། ལོ་50ལྷག་ཙམ་རིང་ཕུགས་བསམ་བརྩོན་ལེན་བྱས་པ་དང་དཀའ་གནད་ཆེ་ཤོས་ལ་འགྲན་སློང་བྱས་པ་དེས་རི་འཛེག་གི་ལས་འགན་གལ་ཆེན་རེ་རེ་བཞིན་ལེགས་སྒྲུབ་བྱས་ནས་འཛམ་གླིང་གི་རི་འཛེག་ཟིན་ཐོ་རེ་རེ་བཞིན་བཏོད་པ་མ་ཟད། ང་ཚོར་རྩ་ཆེའི་བསམ་པའི་རྒྱུ་ནོར་ཞིག་ཀྱང་བཏོད་ཡོད”ཅེས་བཤད།
         ད་ཆ་བོད་ལྗོངས་རི་འཛེག་རུ་མི་གཞོན་སྐྱེས་ཚོས་སྙིང་སྟོབས་དེ་དག་ལ་རེ་བ་གསར་པ་ཞིག་སྣོན་བཞིན་མཆིས། 2016ལོར་བོད་ལྗོངས་རི་འཛེག་རུ་ཁག་གི་རུ་མི་ཚེ་རིང་བསྟན་དར་དང་བདེ་ཆེན་དངོས་གྲུབ་ཀྱིས་ཀྲུང་གོ་ས་གཤིས་སློབ་ཆེན་(ཝུའུ་ཧན་)རི་འཛེག་རུ་ཁག་དང་མཉམ་དུ“7+2”(འཛམ་གླིང་གླིང་ཆེན་བདུན་གྱི་རི་མཐོ་ཤོས་སུ་འཛེག་པ་དང་དེ་བཞིན་ལྷོ་སྣེ་དང་བྱང་སྣེའི་ས་ཚིགས་སུ་རྐང་ཐང་མར་སྐྱོད་པ་)རླབས་ཆེན་བྱ་སྤྱོད་མངོན་འགྱུར་བྱས་པ་རེད།
         འོད་སྟོང་འཕྲོ་བའི་རི་འཛེག་གྲུབ་འབྲས་རྒྱུན་ཆད་མེད་པར་བཏོད་པ་ཕུད། བོད་ལྗོངས་རི་འཛེག་པ་ཚོས་ལུས་རྩལ་ཐོན་ལས་ཀྱི“རི་མཐོ”གསར་པར་འཛེགས་ཡོད་པ་རེད། བོད་ལྗོངས་ཧི་མ་ལ་ཡ་ཁོར་ཡུག་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་ཀྱི་སྤེལ་འགོ་ཚུགས་པའི་མཛད་སྒོ་དང་བོད་ལྗོངས་རི་འཛེག་སྣེ་ཤན་མཐུན་ཚོགས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་ཡང་ཉིན་དེར་སྤེལ་བ་རེད།
         བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཉི་མ་ཚེ་རིང་གིས“བོད་ལྗོངས་རི་འཛེག་རུ་ཁག་ཆེད་ལས་རི་འཛེག་ནས་སྤྱི་ཚོགས་རི་འཛེག་བར་འགྱུར་ལྡོག་འགྲོ་བའི་འགག་རྩའི་དུས་སྐབས་སུ་གནས་ཡོད། ང་ཚོས་བོད་ལྗོངས་རི་འཛེག་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ་རི་འཛེག་ཁང་ཕྱིའི་ལུས་རྩལ་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་དང་ཕྱོགས་བསྡུས་སྐུལ་ཁྲིད་ནུས་པ་ཆེ་རུ་ཧུར་ཐག་གཏོང་རྒྱུ་ཡིན”ཞེས་བཤད། གོང་གི་པར་རིས་ནི་འཛམ་གླིང་ཐོག་གི་ས་བབ་མཐོ་ཚད་སྨི་8000ཡན་གྱི་རི་བོ་མཐོ་ཤོས་14ལ་འཛེགས་མཁན་གྱི་རུ་མི་ཚོས་བྱ་དགའི་བུམ་པ་མཉམ་དུ་བཀྱགས་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།