འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་གཞིས་རྩེའི་ས་ཡོམ་རྗེས་ཀྱི་ས་གཤིས་གནོད་འཚེ་བཅོས་སྐྱོང་མགྱོགས་སུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་13ཉིན། 14:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། 2015ལོར། ནེ་པ་ལའི"4.25"ཡི་ས་ཡོམ་གྱི་ཤུགས་རྐྱེན་ཐེབས་པ་ལས། བོད་ལྗོངས་སྐྱིད་གྲོང་གི་རྨང་གཞིའི་སྒྲིག་བཀོད་མང་ཆེ་བ་བརླག་པར་གྱུར་པ་དང་། ས་ཡོམ་བྱུང་རྗེས་ཀྱི་ས་གཤིས་གནོད་འཚེ་བཅོས་སྐྱོང་ལའང་དཀའ་ངལ་མང་པོ་ཞིག་ཐུག་ཡོད་པ་རེད། གསར་འགོད་པས་ཀྲུང་གོའི་ལྕགས་ལམ་ཅུད་ཉི་ཤུ་པའི་ཀུང་སི་དང་པོ་ནས་ཤེས་རྟོགས་བྱུང་གསལ་དུ། ད་ལྟ། ཀུང་སི་དེ་ཉིད་ཀྱིས་སྐྲུན་འགན་གཙང་ལེན་བྱས་པའི་བདེ་འཇགས་མིན་པའི་བཅོས་སྐྱོང་ལས་གཞི་11ཚང་མ་བདེ་བླག་ངང་གྲུབ་ཡོད་པ་རེད།
          ཀྲུང་གོའི་ལྕགས་ལམ་ཅུད་ཉི་ཤུ་པའི་ཀུང་སི་དང་པོའི་ལས་གཞིའི་འགན་ཁུར་པ་ཚེན་ཅི་ཤིན་གྱིས་གསར་འགོད་པར་བརྗོད་པ་ལྟར་ན། ལས་གཞིའི་ས་གནས་ནི་ཧི་མ་ལ་ཡའི་རི་རྒྱུད་ལྷོ་ཁུལ་གྱི་སྐྱིད་གྲོང་ལུང་པར་ཡོད་ལ། རི་ཉིལ་དང་། རི་ལྷུང་བ། འདམ་རྡོ་ཆུ་རུད་ཀྱི་གནོད་འཚེ་མང་པོ་བྱུང་བ་རེད། ལས་དུས་ལ་འགན་སྲུང་བྱ་ཆེད། འཛུགས་སྐྲུན་ཕྱོགས་ཀྱིས་ལས་ཀའི་འཆར་འགོད་ཇེ་ལེགས་དང་ལས་གྲྭའི་ཐོན་ཁུངས་འདང་ངེས་བཟང་སྒྲིག་གི་རྣམ་པའི་ཐོག་ནས་ལས་ཀ་སྒྲུབ་གནས་མང་པོ་བཙུགས་ཏེ་འདམ་རྡོ་ཆུ་རུད་དང་། ས་གནས་ཀྱི་འགྲུལ་སྐྱེལ་འགན་སྲུང་ལམ་ལྷོངས་ཡོང་བ། ཆར་དུས་ཀྱི་ཤུགས་རྐྱེན་ངན་པ་བཅས་ཀྱི་དཀའ་ངལ་སེལ་ནས་དུས་ཡུན་ཟླ་བ་14ཡི་རིང་ལ། དུས་ལྟར་བརྟན་ལྷིང་མེད་པའི་གཟར་ངོས་ཀྱི་ལས་གྲྭ་ཚང་མ་འགྲུབ་པར་བྱས་པ་རེད།
          ད་ལྟ། ལས་གཞིའི་འཛུགས་སྐྲུན་ཚང་མ་ལམ་ངོས་ཀྱི་ལས་ཀ་བྱེད་དུས་སུ་སླེབས་ཡོད་པ་དང་། ལས་གཞི་སྡེ་ཁག་གིས"ཕུ་ཐུང་བརྫེས་ནས་ངལ་རྩོལ་བྱེད། ཉིན་གྲངས་བརྒྱ་ལ་ཤུགས་ཆེན་རྒྱག"ཅེས་པའི་ངལ་རྩོལ་འགྲན་བསྡུར་གོ་སྐབས་དང་བསྟུན་ཏེ་ཕྱོགས་གཅིག་ནས་ལས་ཀའི་ལམ་ཐིག་ཤར་གཏོང་བདེ་ལྷོང་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་འགག་སྒོའི་ཉོ་འཚོང་གི་རླངས་འཁོར་བདེ་བླག་ངང་སྐྱོད་ཐུབ་པའི་འགན་སྲུང་བྱས་ཡོད་པ་རེད། དེར་མ་ཟད། ད་དུང་མངོན་ཆེའི་ཕུག་པ་འབུད་པའི་ལས་གཞིའི་ལས་ཀ་ཇེ་མགྱོགས་སུ་བཏང་སྟེ་མངོན་ཆེའི་ཕུག་པའི་ཉེ་འཁོར་གྱི་བྲག་རྡོར་རྟོག་ཞིབ་དང་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་སྟེ་བདེ་འཇགས་འགན་སྲུང་བྱེད་ཐབས་ལེགས་པར་བསྒྲུབ་ནས་ལམ་ངོས་ཀྱི་ལས་གཞི་དང་མཉམ་དུ་ལེགས་པར་བསྒྲུབ་ཏུ་འཇུག་རྒྱུ་ཡིན་པ་རེད།
          སྐྱིད་གྲོང་གྲོང་རྡལ་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་ལྷོ་རྒྱུད་ན་ཡོད་ལ། རི་བོ་ཧི་མ་ལ་ཡའི་ལྷོ་རྒྱུད་དུ་ཆགས་ཡོད་པས། "ཧི་མ་ལ་ཡའི་སྐྱེད་ཚལ་རྒྱབ་མ"ཞེས་འབོད། སྐྱིད་གྲོང་གྲོང་རྡལ་ནས་ནེ་པ་ལའི་མཐའ་མཚམས་བར་དུ་སྤྱི་ལེ་23.5ཙམ་མ་གཏོགས་མེད་པ་རེད། ད་ལྟ། སྐྱིད་གྲོང་འགག་སྒོ་ནི་རང་རྒྱལ་དང་ནེ་པ་ལ་རྒྱལ་ཁབ་གཉིས་ཀྱི་སྐམ་སའི་ཉོ་འཚོང་འགག་སྒོ་གཅིག་པུ་ཡིན་པ་རེད།
          2015ལོའི་ཟླ་4ཚེས་25ཉིན། ནེ་པ་ལར་ས་ཡོམ་རིམ་པ་8.1བྱུང་བ་དང་། གཞིས་རྩེ་གྲོང་ཁྱེར་གྱི་རྫོང་མང་པོ་ཞིག་ཏུ་ཤུགས་རྐྱེན་ཐེབས་པ་རེད། གཞིས་རྩེའི་ཡོམ་རྗེས་བསྐྱར་སྐྲུན་ལ་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར་111.48བཏང་ཡོད་ལ། ད་ལྟའི་བར་དུ། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་70ལྷག་ཙམ་དངོས་སུ་བཏང་ཡོད་པས། བསྐྱར་སྐྲུན་ལས་དོན་མགྱོགས་མྱུར་ངང་སྤེལ་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།