འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།མདོ་ལ་རིང་མོའི་འདབས་ཀྱི་འབྲོག་པས་ཡུལ་སྐོར་ལ་བརྟེན་ནས་ཕྱུག་པོའི་ལམ་དུ་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་12ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མདོ་ལ་རྫོང་འདི་ཉིད་མདོ་ལ་རིང་མོའི་དབུས་རྒྱུད་དུ་གནས་པས་ན་མིང་དེ་ལྟར་ཐོབ་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་3500ཟིན་གྱི་ཡོད། དེའི་མངའ་ཁོངས་སུ་གངས་རི་དང་། གྲོང་རོང་། རྩྭ་ཐང་། ཏན་ཞ་ས་དབྱིབས་སོགས་ཀྱི་ཐོན་ཁུངས་ཡོད། གནས་དེ་སོ་ནམ་རིག་གནས་དང་སྐྱས་སྤོས་རིག་གནས་ཀྱི་སྦྲེལ་མཚམས་ཡིན་ལ། རྩྭ་ཐང་དང་ཐང་རྒོད་ཀྱི་དབྱེ་མཚམས་ཀྱང་ཡིན།
         བགྲང་བྱ་སྟོང་ཕྲག་རིང་། མདོ་ལ་རིང་མོའི་འདབས་ཀྱི་གྲོང་མིས་རི་ཁའི་ལྟོ་རྟེན་རི་དང་ཆུ་ཁའི་ལྟོ་རྟེན་ཆུས་བྱས་ནས་འཚོ་བ་སྐྱེལ་བཞིན་ཡོད། ཉེ་བའི་ལོའི་ནང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདོ་ལ་རྫོང་གིས་སྣོད་བཅུད་ལ་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་། ཡུལ་སྐོར་ཐོན་ལས་སྦྲེལ་ཐག་རྒྱ་ཆེར་གཏོང་བ། ཡུལ་སྐོར་གྱི་ཟུར་བསྣན་རིན་ཐང་མཐོ་རུ་གཏོང་བ། ཆུ་དང་རི་ལ་བརྟེན་ནས་ཕྱུག་འགྱུར་ཐབས་ལམ་འཚོལ་ཞིབ་བྱེད་པ་བཅས་ལ་གཞི་ཚུགས་ཏེ་རི་འདབས་ཀྱི་ལྟ་ན་སྡུག་པའི་མཛེས་ལྗོངས་སོགས་ལ་བརྟེན་སྟབས། འབྲོག་པའི་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་གྱུར་པ་མ་ཟད། འཇོན་ཐང་ཡང་ཆེ་རུ་ཕྱིན་ཡོད།
         ཟི་ལིང་ནས་མདོ་ལ་བར་ལམ་ཐག་ཆུ་ཚོད་5ཙམ་ཡོད་པ་དང་ལམ་བར་གྱི་མཛེས་ལྗོངས་ལྟ་བས་མི་ངོམ་པ་ཞིག་ཡོད། མདོ་ལའི་ཁོངས་སུ་སྐྱོད་སྐབས། གྲོང་ཁྱེར་ཆུང་ངུའི་ཁོར་ཡུག་གཙང་ཞིང་གྲལ་འགྲིག་པ་དང་གཞུང་ལམ་གྱི་གཡས་གཡོན་གཉིས་ཀྱི་ལྗོན་ཤིང་སྲུང་དམག་བཞིན་འགྱིང་ངེར་གནས་པ་མ་ཟད། ལམ་མདོ་ཁའི་བྱང་བུ་དང་མཛེས་ལྗོངས་ཁུལ་གྱི་སྟོན་རྟགས་ལྷན་ནེ་གསལ། རྫོང་གྲོང་དེའི་རྒྱབ་ཏུ་རི་ཡོད་པ་དང་མདུན་དུ་ཆུ་མོ་རྒྱུག་བཞིན་ཡོད་དེ། བཙུན་མོ་གཙང་པོས་གྲོང་ཁྱེར་བཤགས་ནས་རྒྱུགས་པ་དང་སྔོ་རི་གྲོང་འདབས་སུ་འགྱིང་ངེར་གནས་ལ་གཙང་འགྲམ་གྱི་ཕྱོགས་སུ་གོམ་ཁ་སྒྱུར་སྐབས་ཆུ་ཕྲན་གྱི་ཀུ་ཅོ་རྣ་ལམ་དུ་རབ་རིབ་བཞིན་དུ་ཐོས་བཞིན་འདུག
         ད་ལྟ་ནུབ་བྱང་དུ་ཡུལ་སྐོར་བྱེད་མང་པའི་དུས་ཚིགས་ཤར་བས་མི་གསུམ་བཞི་ཚོ་རེ་བྱས་ཏེ་མཛེས་ལྗོངས་ཁུལ་དུ་ལྟ་སྐོར་བྱེད་བཞིན་ཡོད་པ་དང་དགོང་མོ་མདོ་ལའི་ཟློས་གར་ཁང་དུ་མི་ཚོགས་ཀྱིས་ཁེངས་པར་བརྟེན་རྫོང་གྲོང་གི་རྣམ་པ་དེ་བས་འཁྲུག་ཆ་དོད་དུ་སོང་།
         “ཡུལ་སྐོར་བ་ཉིན་རེ་བཞིན་མང་དུ་སོང་བ་དང་སྦྲགས་འདི་ལོའི་ཟླ་3པར་རྫོང་གིས་ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱས་ཏེ་བཙུན་མོ་གཞོང་གྲོང་རྡལ་དུ་པད་ཁའི་ཞིང་ཁམས་ཀྱི་ཡུལ་སྐོར་བྱ་ཡུལ་ཡིན་པའི་པད་ཁའི་ཞིང་ཁ་4བཏབ་པ་དང་ཆབས་ཅིག་གྲོང་ཚོའི་ཕྱུག་འགྱུར་འཇོན་ཐང་ཅན་ལ་གཉེར་སྐྱོང་བྱ་རྒྱུར་འགན་གཙང་སྤྲད། གྲོང་མིའི་ས་ཆའི་རིན་གོང་དབྱར་མཚོ་རྒྱས་པ་བཞིན་འཕར་བ་དང་ཡུལ་སྐོར་གྱི་ཟུར་བསྣན་རིན་ཐང་དེ་མུར་མངོན་གསལ་དོད་དུ་སོང་ཡོད། བཙུན་མོ་གཞོང་གྲོང་རྡལ་ནི་ཡུལ་སྐོར་ལ་བརྟེན་ནས་དབུལ་སྐྱོར་བྱེད་པའི་གྲོང་རྡལ་ཞིག་དང་དེའི་ནང་དམར་ཝོར་གྲོང་ཚོ་བྲོ་ལའི་མཛེས་ལྗོངས་ཁུལ་དང་ཐག་ཉེ་བས་2016ལོར་གྲོང་ཚོ་ཧྲིལ་པོས་གྲོང་གསེབ་ཀྱི་ཡུལ་སྐོར་ལ་བརྟེན་པས་གྲོང་དུད་207ཚང་མ་དབུལ་སྒྲོལ་ཐུབ་ཡོད”ཅེས་བཙུན་མོ་གཞོང་གྲོང་རྡལ་གྱི་འགན་འཁུར་བས་བཤད།
         “ལོ་ལྔ་ཚན་བཅུ་གཉིས་པའི”རིང་མདོ་ལ་རྫོང་གིས་སྣོད་བཅུད་ལ་བརྟེན་ནས་རྫོང་གྱི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུར་གཞི་ཚུགས་ཏེ་མཛེས་ལྗོངས་ཁུལ་དང་རྫོང་གྲོང་གི་རྨང་གཞིའི་སྒྲིག་བཀོད་ཁྱོན་ཡོངས་ནས་ལེགས་སུ་བཏང་དང་འབྲེལ། བཙུན་མོ་གཞོང་གྲོང་རྡལ་དང་རྫ་དམར་ཤང་དུ་གྲོང་ཚོ་དབུལ་པོ་5གཏན་འཁེལ་བྱས་ལ་རིམ་རྩིས་བྱས་ན་སྒོར་ཁྲི་2000བཏང་བ་དེ་དག་ཡུལ་སྐོར་རྣམ་གྲངས་གཏོད་རྒྱུ་དང་སྤོ་བདེའི་ཚོང་དུད་ཀྱི་ཁྲོམ་བཀྱག་དང་ཆུ་གློག་ལམ་སོགས་བསྐྲུན་རྒྱུའི་ཐད་སྤྱད་ནས་དུད་ཚང་དབུལ་པོ་338ཀྱི་མི་1009ལ་རོགས་སྐྱོར་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།