འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།"ལོ་ལྔ་ཚན་བཅུ་གསུམ་པའི"ཆུ་བེད་བོད་སྐྱོར་ལས་དོན་གྱི་འགོ་ཡག་པོ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་12ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “ལོ་ལྔ་ཚན་བཅུ་གསུམ་པའི”ཆུ་བེད་བོད་སྐྱོར་ལས་དོན་གྱི་འགོ་ཡག་པོ་བཙུགས་ནས་ཟླ་5པའི་ཟླ་མཇུག་བར། རིམ་རྩིས་བྱས་ན། ཆུ་བེད་ལ་མ་དངུལ་སྒོར་དུང་ཕྱུར་89.79དོན་འཁྱོལ་བྱས་པའི་ནང་། ཀྲུང་དབྱང་གིས་ཆུ་བེད་ཐད་བཏང་བའི་མ་དངུལ་སྒོར་དུང་ཕྱུར་46.97ཟིན་ཡོད། ཆུ་བེད་ཀྱིས་དམངས་འཚོར་ཕན་པ་ཐོགས་ཡོད་དེ། ཞིང་ཆུ་འདྲེན་ཡུལ་མུའུ་དུང་ཕྱུར་77.5མང་དུའམ་ལེགས་སུ་ཕྱིན་པ་དང་། ས་ཆུ་ཤོར་བར་བཅོས་སྒྲིག་བྱས་པའི་ས་ཁྱོན་སྤྱི་ལེ་གྲུ་བཞི་125མང་དུ་ཕྱིན་པ། མི་འབོར་ཁྲི་4.9ཡི་བདེ་འཇགས་འཐུང་ཆུ་ཐག་གཅོད་བྱུང་བ། གྲོང་གསེབ་ཀྱི་ཆུ་ཤུགས་གློག་གི་ཆན་ཝ་ཁྲི་1.9ཟིན་པའི་འཕྲུལ་འཁོར་མང་དུའང་ལེགས་སུ་ཕྱིན་པ། ཞིང་འབྲོག་པ་ཁྲི་42.39ཡི་གློག་སྤྱོད་གནད་དོན་ཐག་གཅོད་དང་ལེགས་སུ་ཕྱིན་པ། ཆུ་བེད་ཀྱི་དབུལ་སྐྱོར་འགག་སྒྲོལ་ལ་སྐུལ་འདེད་ཏན་ཏིག་ཐེབས་པ། མི་འབོར་དབུལ་པོ་ཁྲི་6.27ལས་ཞུགས་གཞན་སྒྱུར་ཐུབ་པ་བཅས་བྱུང་ཡོད།
         ཆུ་བེད་པུའི་ཏང་ཙུའི་ཧྲུའུ་ཅི་པུའུ་ཀྲང་ཁྲེན་ལུའེ་ཡིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ཀྱི་ཆུ་བེད་དེ་སྔོན་ལ་རོགས་སྐྱོར་བྱེད་པའི་གཙོ་གནད་ཁྱབ་ཁོངས་སུ་བཞག་ནས་ཆུ་བེད་འཕེལ་རྒྱས་ཐད་ཀྱི་ཞན་ཆ་མགྱོགས་མྱུར་གསབ་དགོས། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་བླང་བྱ་གཞིར་བཟུང་བོད་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་དོ་ཁུར་ཆེ་ཤོས་བྱེད་པའི་འཐུང་ཆུ་དང་། གློག་སྤྱོད། ཆུ་འདྲེན། འབྲུབ་འགོག་སོགས་ཀྱི་དམངས་འཚོའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། སྣོད་བཅུད་དང་ལྗང་མདོག་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཆུ་དཔོན་ལམ་ལུགས་དམ་འཛིན་བྱ་གཞི་གལ་ཆེན་དུ་བྱ་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་བོད་ཀྱི་ཆུའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྤྱི་འདོམས་ཤུགས་སྣོན་བརྒྱབ་སྟེ་གངས་ལྗོངས་ས་མཐོའི་སྔོ་ལྗང་རི་བོ་ནམ་ཡང་གནས་པ་དང་། དྭངས་གཙང་ཆུ་བོའི་རྒྱུན་མ་ཆད་པ། ཁོར་ཡུག་དེ་བས་མཛེས་སྡུག་ལྡན་པ་བཅས་ཡོང་བ་བྱེད་དགོས་ཞེས་བརྗོད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཆུ་བེད་བོད་སྐྱོར་ལ་དཔལ་འབྱོར་བོད་སྐྱོར་དང་། ལས་བྱེད་པའི་ཤེས་ལྡན་མི་སྣའི་བོད་སྐྱོར། ལག་རྩལ་བོད་སྐྱོར། ཁ་གཏད་བོད་སྐྱོར་བཅས་ཀྱི་དམ་འཛིན་བྱ་གཞི་གཙོ་བོར་བྱས་པ་དང་། དམངས་འཚོའི་ཆུ་བེད་འཕེལ་རྒྱས་དང་། རྐང་འཛིན་ཆུ་བེད་འདུ་འགོད། ཆུའི་སྣོད་བཅུད་སྲུང་སྐྱོང་། ཆུ་བེད་དོ་དམ་འགན་ལེན་བཅས་མ་ལག་བཞི་སྐྲུན་མགྱོགས་སུ་ཕྱིན་པ་དང་། རྣམ་གྲངས་མ་དངུལ་ལས་སྐུལ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ། ཆུ་བེད་ཀྱི་གཙོ་གནད་ལས་གྲྭ་ཕུད་མདོ་ཆུ་བེད་ལྟེ་བའི་ལས་གྲྭ་སྤྱིའི་ཆ་ནས་བསྐྲུན་ཟིན་པ་དང་འབྲེལ་ཕན་འབྲས་ཐོན་འགོ་ཚུགས་པ། ལ་ལྷོ་ཆུ་བེད་ལྟེ་བའི་ལས་གྲྭའི་ཆུ་སྔོན་ཚུད་ནས་བཀག་ཏེ་ལས་གྲྭ་གཙོ་བོ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་དུས་མཚམས་སུ་སླེབས་པ། ཆུ་བོ་འབྲིང་ཆུང་གི་བཅོས་སྒྲིག་དང་ཆུ་ལོག་གནོད་འཚེ་འགོག་བཅོས་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་རྫོང་གྲོང་18ཀྱི་འབྲུབ་འགོག་ལས་གྲྭའི་མ་ལག་ལ་ཤུགས་སྣོན་ཆེན་པོ་ཐེབས་ཡོད་པ་རེད།
         ཆུའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་བོད་དུ་ཆུའི་ཐོན་ཁུངས་ཀྱི་དོ་དམ་འགན་འཁྲི་ནན་ཤོས་ཀྱི་མ་ལག་བཙུགས་པ་དང་། ཆུ་སྤྱོད་བཅད་གྲངས་དང་དེ་བཞིན་ཆུའི་ཐོན་ཁུངས་ཟད་གྲོན་གྱི་བསྡོམས་འབོར་དང་མང་ཉུང་གཉིས་ཀར་ཚོད་འཛིན་ཆེན་པོ་བྱེད་པའི་བྱ་སྤྱོད་ཀྱི་ཇུས་གཞི་བཟོས་པ། འཛུགས་སྐྲུན་རྣམ་གྲངས་ཀྱི་ཆུ་ལེན་ཆོག་འཐུས་དང་ཆུའི་ཐོན་ཁུངས་ཀྱི་རིགས་པས་ཁུངས་སྐྱེལ་ལམ་ལུགས་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་པ། ཆུའི་ཐོན་ཁུངས་ཀྱི་ཐེག་ནུས་གདེང་འཇོག་དང་ལྟ་ཞིབ་ཚད་ལེན་གྱི་ཉེན་གཏོང་ནུས་པ་འཛུགས་སྐྱོང་བྱས་པ། ཆུའི་སྣོད་བཅུད་སྲུང་སྐྱོང་གི་ཁ་གསབ་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བཅས་བྱས་ཡོད། ཆུ་བེད་ཀྱི་སྒྲིག་གཞི་ལམ་སྲོལ་སྒྱུར་བཅོས་ཐད་ཆུ་དཔོན་ལམ་ལུགས་ལ་སྐུལ་འདེད་བཏང་ནས་འགོ་ཡག་པོ་བཙུགས་པས་ཤང་དང་གྲོང་རྡལ་གྱི་རིམ་པ་དང་པོའི་གཞི་རིམ་ཆུ་བེད་ཞབས་ཞུའི་ས་ཚིགས་སྤྱིའི་ཆ་ནས་ཚང་མར་ཁྱབ་ཡོད་པ་རེད། ཤེས་ལྡན་མི་སྣའི་རོགས་སྐྱོར་ལ་སྣང་ཆེན་བྱས་ཏེ་ཆུ་བེད་པུས་བོད་སྐྱོར་ལས་དོན་ཚོགས་ཆུང་གི་ལས་བྱེད་པ་25དང་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཆུ་བེད་སྡེ་ཚན་གྱི་བོད་སྐྱོར་ལས་བྱེད་པ་157བཏང་ཡོད། ཁ་གཏད་རོགས་སྐྱོར་ཁྱབ་རྒྱ་རྒྱ་ཆེར་བཏང་ནས་མཉམ་ལས་མ་དངུལ་སྒོར་དུང་ཕྱུར་3.06དང་རོགས་སྐྱོར་མ་དངུལ་སྒོར་ཁྲི་3183དོན་འཁྱོལ་བྱས་ཏེ་གོང་འོག་མཉམ་འགུལ་དང་མཉམ་དུ་སྐུལ་འདེད་གཏོང་བའི་ལས་ཀའི་རྣམ་པ་ཞིག་ཆགས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།