འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅༎སྐབས་41པའི་འཛམ་གླིང་ཤུལ་བཞག་ཚོགས་ཆེན་ཕོ་ལན་དུ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་05ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་2ཉིན་གྱི་དགོང་མོ། སྐབས་41པའི་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་འཛམ་གླིང་ཤུལ་བཞག་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ(འཛམ་གླིང་ཤུལ་བཞག་ཚོགས་ཆེན)ཕོ་ལན་གྱི་ལོ་རྒྱུས་གྲགས་ཅན་གྲོང་ཁེ་ལ་ཁེ་ཕུའུ་རུ་འགོ་ཚུགས་ཤིང་། ཚོགས་འདུའི་ཐོག་ཀྲུང་གོའི་མཚོ་སྔོན་ཞིང་ཆེན་གྱི་ཁུ་ཁུ་ཤིས་རི་དང་ཕུའུ་ཅན་ཞིང་ཆེན་གྱི་ཀུའུ་ལང་ཡུས་ཚུད་པའི་ཤུལ་བཞག་འདུན་ཞུའི་རྣམ་གྲངས་34ལ་གྲོས་ཞིབ་བྱ་རྒྱུ་ཡིན་པ་རེད།
         མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་པོ་ཁེ་ཝ་ཡིས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་བསྒྲོན་སྐབས། མིག་སྔར་རིག་དངོས་སྲུང་སྐྱོབ་བྱ་རྒྱུ་ནི་འགག་རྩ་ཡིན། རིག་དངོས་དེ་དག་མིའི་རིགས་ཀྱི་སྲུང་སྐྱོབ་དང་ཁ་འབྲལ་མི་རུང་བ་དང་། ལྷག་དོན་དུ་གདོང་ཐུག་བྱུང་བའི་ས་ཁུལ་དུ་དེ་བས་ཀྱང་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད། དེ་དང་ཆབས་ཅིག རིག་དངོས་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་རྒྱུ་ནི་ལས་ཞུགས་ལ་སྐུལ་འདེད་དང་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད་ཅེས་བཤད་པ་རེད།
         ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་ཡིས་འདི་ནི་ཕོ་ལན་གྱིས་འཛམ་གླིང་ཤུལ་བཞག་ཚོགས་ཆེན་འཚོགས་ཐེངས་དང་པོ་ཡིན་པས་སྲིད་གཞུང་ནས་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ཚོགས་ཞུགས་རིགས་གཅིག་མཁས་ཅན་ཚོས་ཇི་ལྟར་བྱས་ཏེ་གཏོར་བཤིག་ཕོག་པའི་ལོ་རྒྱུས་ཀྱི་རིག་དངོས་མྱུར་སྐྱོབ་བྱེད་དགོས་པའི་ཐད་གྲོས་བསྡུར་བྱ་རྒྱུ་རེད་ཅེས་བཤད།
         འདི་ལོ་འཛམ་གླིང་ཤུལ་བཞག་མིང་གཞུང་ནང་འཇུག་རྒྱུའི་མིང་འདོན་བྱས་པའི་རྣམ་གྲངས་ཁྱོན་34ཡོད་པའི་ནང་རང་བྱུང་ཤུལ་བཞག་རྣམ་གྲངས་7དང་། རིག་གནས་ཤུལ་བཞག་རྣམ་གྲངས་26 རང་བྱུང་དང་རིག་གནས་གཉིས་ཀའི་ཤུལ་བཞག་རྣམ་གྲངས་1བཅས་ཡིན་པ་རེད། ཀྲུང་གོའི་མཚོ་སྔོན་ཞིང་ཆེན་གྱི་ཁུ་ཁུ་ཤིས་རི་དང་ཕུའུ་ཅན་ཞིང་ཆེན་གྱི་ཀུའུ་ལང་ཡུས་དེ་གཉིས་རང་བྱུང་ཤུལ་བཞག་དང་རིག་གནས་ཤུལ་བཞག་ནང་ཁག་སོ་སོར་འདུན་ཞུ་བྱས་ཡོད་པ་རེད།
        སྐབས་འདིའི་ཚོགས་ཆེན་ཉིན་11འཚོག་རྒྱུ་ཡིན་པའི་ནང་། རྒྱལ་ཁབ་137གྱི་འཐུས་མི་3000ཚོགས་འདུར་ཞུགས་ཡོད་པ་རེད། མིག་སྔར། གོ་ལ་ཧྲིལ་པོར་འཛམ་གླིང་ཤུལ་བཞག་ཁག་1052ཡོད་པའི་ནང་རིག་གནས་ཤུལ་བཞག་814དང་། རང་བྱུང་ཤུལ་བཞག་203 རང་བྱུང་དང་རིག་གནས་གཉིས་ཀའི་ཤུལ་བཞག་35བཅས་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།