འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཨུ་རུ་སུའི་ནུས་རྒྱུ་མཉམ་ལས་ཀྱི་དཔེ་མཚོན་གཏོད་པ།

    —— ཀྲུང་གོ་དང་ཨུ་རུ་སུའི་མ་རྩ་མཉམ་འཇོག་གི་ཐོན་སྐྱེད་བྱེད་བཞིན་པའི་སྣུམ་ཞིང་རྣམ་གྲངས་ཆེ་ཤོས་སུ་བཅར་འདྲི་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་05ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཀྲུང་གོ་དང་ཨུ་རུ་སུའི་ནུས་རྒྱུ་མཉམ་ལས་ཀྱི་དཔེ་མཚོན་གཏོད་པ།
         མི་དམངས་དྲ་བའི་འཕྲིན། མོ་སི་ཁོའི་ཤར་རྒྱུད་ནས་སྤྱི་ལེ་1200ཡི་ས་ནི་ཨུ་རུ་སུའི་ནུས་རྒྱུ་དམག་དོན་བཟོ་ལས་གྲོང་ཁྱེར་ཆུང་གྲས་ཤིག་ཡིན་པ་དེར་ཀྲུང་གོ་དང་ཨུ་རུ་སུའི་རྒྱལ་ཁབ་གཉིས་པོའི་ལོ་11རིང་གི་སྣུམ་རླངས་མཉམ་ལས་ཀྱི་ལོ་རྒྱུས་ལྡན་ཡོད། ཉེ་ཆར། གསར་འགོད་པ་དང་བཅས་པས་ཀྲུང་གོ་དང་ཨུ་རུ་སུའི་མ་རྩ་མཉམ་འཇོག་ཐོན་སྐྱེད་རྣམ་གྲངས་ཆེ་ཤོས་ཡིན་པའི་ཀྲུང་གོ་དང་ཨུ་རུ་སུའི་ཨུ་ཏེ་མུར་ཐེ་རྡོ་སྣུམ་མ་རྐང་ཀུང་སིར་(UDMཞེས་བསྡུ་རྒྱུ་)བཅར་འདྲི་བྱེད་པར་བསྐྱོད་པ་རེད།
         2006ལོའི་ཟླ་8པར། ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚོགས་པ་ཀུང་སིས་(ཀྲུང་གོ་རྡོ་འགྱུར་ཞེས་བསྡུ་རྒྱུ་)ཨུ་རུ་སུའི་རྒྱལ་ཁབ་རྡོ་སྣུམ་ཀུང་སི་(ཨུ་རུ་སུའི་རྡོ་སྣུམ་ཞེས་བསྡུ་རྒྱུ་)དང་མཉམ་འབྲེལ་བྱས་ཏེ་ཆིའུ་མིང—དབྱིན་ཇིའི་རྡོ་སྣུམ་ཀུང་སི་ནསUDMཀུང་སི་ཉོས་པ་དང་ཕྱོགས་གཉིས་པོར་མ་རྐང་49%དང་51%སོ་སོར་ཡོད་པ་རེད། UDMཀུང་སི་ནི་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྱི་གཙོ་གཟུགས་ཡིན་པའི་ཨུ་ཏེ་མུར་ཐེ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྡོ་སྣུམ་ཀུང་སི་ཆེ་ཤོས་ཡིན་པ་དེར་ཁྱོན་སྣུམ་ཞིང་32ཡོད་ཅིང་། ཉིན་རེར་མ་བཅོས་རྡོ་སྣུམ་ཏུན་ཁྲི་1.7ཙམ་ཐོན་སྐྱེད་བྱེད་ཀྱི་ཡོད་པ་རེད།
         ཨུ་རུ་སུར་བཅའ་སྡོད་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཀུང་སིའི་སྤྱི་ཁྱབ་འཐུས་མི་UDMཀུང་སིའི་དོ་དམ་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་ཝང་ཅུན་གྱིས་གསར་འགོད་པར་ཀྲུང་གོ་རྡོ་འགྱུར་མ་རྐང་ནང་ཞུགས་ནས་ལོ་བཅུ་ལྷག་ཙམ་སོང་རིང་UDMཀུང་སིར་དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་བཟང་པོ་ཐོན་ཡོད། 2016ལོར་ཀུང་སིའི་ཁྲལ་འཇལ་བསྡོམས་འབོར་ཨ་སྒོར་དུང་ཕྱུར་8.43ཟིན་པ་དེ་ཨུ་ཏེ་མུར་ཐེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་གནས་ཀྱི་ཁྲལ་འཇལ་དུད་ཆེན་དང་པོ་ཡིན་པ་དེས་སྤྱི་མཐུན་རྒྱལ་ཁབ་དེའི་ཁྲལ་འབབ་བསྡོམས་འབོར་གྱི་9.6%བཟུང་ཡོད་ཅེས་བཤད།
         ཝང་ཅུན་གྱིས་ཀྲུང་གོ་དང་ཨུ་རུ་སུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཟམ་མི་ཆད་པར་འཕེལ་རྒྱས་གཏིང་ཟབ་ཏུ་འགྲོ་བ་དང་། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཨུ་རུ་སུའི་རྒྱལ་ནང་གི་ཆབ་སྲིད་གནས་བབ་བརྟན་པོ་ཡོད་པ། དཔལ་འབྱོར་སྲིད་ཇུས་བརྟན་པོ་ཡོད་པ་སོགས་ཀྱིས་རྣམ་གྲངས་དེར་བདེ་འཇགས་དང་སྲིད་ཇུས་ཀྱི་འགན་ལེན་བྱས་ཡོད། ཀྲུང་གོ་དང་ཨུ་རུ་སུའི་དཔལ་འབྱོར་ཐད་ཀྱི་གསབ་རེས་རང་བཞིན་དང་འགྲིམ་འགྲུལ་ཐད་ཀྱི་སྟབས་བདེའི་རང་བཞིན་ལས་ཀྲུང་གོ་དང་ཨུ་རུ་སུའི་སྣུམ་རླངས་མཉམ་ལས་བྱ་རྒྱུ་དེ་ཡུན་རིང་གི་འཐབ་ཇུས་མཉམ་ལས་ཤིག་ཡིན་པ་ཐག་གཅོད་བྱས་པ་དང་དུས་མཚུངས་ཆབ་སྲིད་དང་དཔལ་འབྱོར་གྱི་ཕན་འབྲས་ཐོན་ཡོད་ཅེས་བཤད་པ་རེད།
         2016ལོའི་ལོ་མཇུག་བར། UDMརྣམ་གྲངས་ལས་རིམ་རྩིས་བརྒྱབ་ན། ཁེ་ཕན་སྣུམ་ཏུན་ཁྲི་3241ཡན་ཐོན་སྐྱེད་བྱས་པར་ལོ་བརྒྱད་བསྟུད་མར་ཁེ་ཕན་སྣུམ་ལོའི་ཐོན་ཚད་ཏུན་ཁྲི་300ཡན་ཟིན་པ་དེ་ནི་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་གྱི་རིམ་རྩིས་བརྒྱབ་པ་ལས་ཐོབ་སྐལ་སྣུམ་ཐོན་ཚད་ཆེ་ཤོས་ཀྱི་ལས་སྒྲུབ་མཁན་མེད་པའི་རྣམ་གྲངས་ཤིག་རེད།
         ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་ཧུའེ་ཡིས། UDMརྣམ་གྲངས་ཀྱིས་ཕྱོགས་གཉིས་པོའི་ཁེ་ལས་ལ་ཁེ་སྤོགས་བསྐྲུན་པ་དང་ཨུ་རུ་སུར་ཀྲུང་གོའི་ཁེ་ལས་ཀྱིས་དངོས་སྒྲུབ་མཉམ་ལས་བྱེད་པར་དཔྱད་གཞི་མཁོ་འདོན་བྱས་པ་མ་ཟད། ཀྲུང་གོ་དང་ཨུ་རུ་སུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་སུ་བཏང་ཡོད། རྣམ་གྲངས་དེའི་མཉམ་ལས་ལ་གྲུབ་འབྲས་ཐོབ་པ་ལས་ཀྲུང་གོ་དང་ཨུ་རུ་སུའི་ནུས་རྒྱུ་མཉམ་ལས་ཀྱི་མདུན་ལམ་ཡག་པོ་ཡོད་པ་གསལ་བཤད་བྱས་པས་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་རྒྱ་ཆེར་གཏོང་དགོས་པའི་ངོས་འཛིན་གནང་བ་རེད།
         UDMཀུང་སིའི་སྤྱི་ཁྱབ་ཅིང་ལི་ཨན་ཏེ་ལེ·ཐུའོ་ཕར་གྱིས་གསར་འགོད་པར་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་མ་རྐང་ནང་ཞུགས་པ་དེས་མ་རྩ་མཉམ་འཇོག་ཀུང་སིའི་གཉེར་སྐྱོང་དོ་དམ་དཔེ་དབྱིབས་ལེགས་སུ་བཏང་བ་དང་ཐོན་སྐྱེད་ཀྱི་ལས་ཕྱོད་ཆེ་རུ་བཏང་བ་མ་ཟད། ཀུང་སིའི་མ་རྩ་གཏོང་ཕྱོགས་དེ་བས་དོ་དམ་ཚོད་འཛིན་ནན་པོ་བྱས་ཡོད་ཅེས་བཤད།
         དེང་སྐབས་འཛམ་གླིང་གི་དཔལ་འབྱོར་འཕར་འགོར་བ་དང་། སྣུམ་རིན་དུས་ཡུན་རིང་པོའི་ནང་དམའ་པོ་ཡིན་པ། ཕྱི་རྒྱལ་གྱི་རྣམ་གྲངས་མང་པོ་ཞིག་གི་ཕན་འབྲས་ཆུང་དུ་འགྲོ་བ་སོགས་ཀྱི་གནས་ཚུལ་འོག UDMརྣམ་གྲངས་ཐོག་མཐའ་བར་གསུམ་དུ་མ་གནས་དམའ་བ་དང་ཕན་འབྲས་ཆེ་བའི་སྒོ་ནས་འཁོར་རྒྱུག་བྱས་པ་དེ་ནི་དོ་དམ་དཔུང་ཁག་གིས་གཉེར་སྐྱོང་དོ་དམ་གྱི་ཉམས་མྱོང་འཚོལ་ཞིབ་ཧུར་ཐག་བྱས་པ་དང་ཁ་བྲལ་ཐབས་མེད། 2016ལོའི་ལོ་མཇུག་བར། རིམ་རྩིས་བརྒྱབ་ན། ཁེ་སྤོགས་གཙང་མ་ཨ་སྒོར་དུང་ཕྱུར་48.77ཟིན་ཞིང་། འདི་ལོའི་ཟླ་2པར་རྣམ་གྲངས་དེས་ཉོ་སྒྲུབ་བྱེད་སྐབས་ཀྱི་དངུལ་བུན་ཚང་མ་དེ་སྔའི་འཆར་གཞི་ལས་ལོ་བརྒྱད་ཀྱི་སྔ་སྣུར་དུ་གཙང་འཇལ་བྱས་ནས་རྣམ་གྲངས་ཀྱི་དངུལ་སྨར་འཕར་རྒྱུ་མངོན་འགྱུར་ཐུབ་པ་རེད།
         ཝང་ཅུན་གྱིས་UDMམ་རྩ་མཉམ་འཇོག་ཀུང་སིར་མ་འཇོག་བྱས་པ་དེ་ནི་ཀྲུང་གོས་ཨུ་རུ་སུར་བུ་མོ་བག་མར་སྟེར་བ་ལྟར་བཟའ་ཟླའི་ཁྱིམ་གྱི་འཚོ་བ་ཇི་ལྟར་བྱས་ཏེ་གོམས་པ་དང་འཚོ་བ་གྲ་རྒྱས་པོ་སྐྱེལ་ཐུབ་པ་བྱེད་པ་བཞིན་ཡིན་སྟབས། ལུགས་མཐུན་གྱི་ཕྱོགས་རྐྱང་པའི་བསམ་ཚུལ་དེ་ཉིད་ཀྲུང་ཨུ་ཕྱོགས་གཉིས་པོའི་ཐུན་མོང་གི་འདོད་འདུན་དུ་འགྱུར་བ་བྱ་རྒྱུ་དེ་མ་རྩ་མཉམ་འཇོག་ཀུང་སིས་ལས་སྒོ་བདེ་བླག་ངང་སྤེལ་བའི་འགག་རྩ་ཡིན་ཞེས་བཤད།
         ཐུའོ་ཕར་གྱིས་མཉམ་ལས་བྱེད་པའི་ཁྲོད་ཀྲུང་ཨུ་ཕྱོགས་གཉིས་པོའི་མཛའ་གྲོགས་ཟམ་མི་ཆད་པར་གཏིང་ཟབ་ཏུ་འགྲོ་བ་དང་ཕན་ཚུན་ངོས་འཛིན་བྱེད་ཚད་ཉིན་བཞིན་ཟབ་ཏུ་འགྲོ་གི་ཡོད། ཀྲུང་ཨུ་ཕྱོགས་གཉིས་པོའི་UDMཀུང་སིའི་མཉམ་ལས་འབྲེལ་བ་ཁོའེ་ཙེ་ཆ་གཅིག་དང་འདྲ་བར་ཁ་ཐོར་ཚེ་རྒྱུན་གཏན་བཞིན་ལྟོ་ཆས་ཟ་མི་ཐུབ་པ་ལྟར་ངེས་པར་དུ་ཆ་གཅིག་གིས་ཤུགས་གཅིག་སྒྲིམ་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།