འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།"སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད"ཅེས་པའི་བྱེད་སྒོ་བོད་ལྗོངས་སུ་སྤེལ་
    ནས་བོད་ཀྱི་སློབ་མར་རོགས་སྐྱོར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་05ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་23ནས་ཡོང་བའི་གཅེས་སེམས་དང་བླངས་པ་149བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲ་ནང་རྫོང་རྔ་སྒྲ་ཆ་ཚང་སློབ་ཆུང་དུ་བསྐྱོད་དེ་དཔེ་ཁུག་དང་དཔེ་དེབ་སོགས་སྒོར་ཁྲི་12རི་བའི་གཅེས་སེམས་དངོས་ཟོག་ཞལ་འདེབས་བརྒྱབ་པ་རེད། དང་བླངས་པས་སློབ་མ་དབུལ་པོ་22དང་གཅིག་གཏད་གཅིག་གི་རོགས་སྐྱོར་གྲོས་མཐུན་བཞག་པ་དང“ལག་གདང་སྦྲེལ”ནས་སློབ་གསོའི་ཐད་རོགས་རམ་བྱས་པ་རེད།
         ལོ་12ལ་སླེབས་པའི་བསོད་ནམས་ཆོས་སྒྲོན་ཆུང་དུས་ནས་ཨ་མ་གྲོངས་པས་ཕ་དང་བུ་མོ་ཕན་ཚུན་བརྟེན་རེས་ཀྱིས་འཚོ་ཐབས་བྱེད་པ་ལས་དཔལ་འབྱོར་གྱི་ཡོང་ཁུངས་གཞན་མེད། ཧྲའན་ཤིས་ཀྱི་དང་བླངས་པ་ལི་ཆིང་ལེང་གིས་རྡོ་རྗེ་མཚོ་མོའི་ཁྱིམ་ཚང་གི་དཀའ་ངལ་ཤེས་རྗེས་རྡོ་རྗེ་མཚོ་མོ་སློབ་ཆེན་མ་ཐོན་བར་ལོ་ལྟར་སྒོར་2000ཞལ་འདེབས་རྒྱག་རྒྱུའི་སེམས་ཐག་བཅད།
         རྔ་སྒྲ་ཆ་ཚང་སློབ་ཆུང་གི་སློབ་སྤྱི་བསོད་ནམས་བསྟན་འཛིན་གྱིས་ང་ཚོའི་སློབ་གྲྭ་ནི་གྲོང་གསེབ་ཀྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་ཡིན། རྒྱལ་ཁབ་ཀྱིས“འགན་ལེན་གསུམ”གྱི་སྲིད་ཇུས་དང“གནད་སྨིན་དབུལ་སྐྱོར་དང་ཆ་སྒྲིག་རོགས་སྐྱོར”གྱི་སྲིད་ཇུས་ལག་བསྟར་བྱས་ཀྱང་སློབ་མ་ཁག་གཅིག་གི་ཁྱིམ་ཚང་དུས་ཐུང་ནང་དབུལ་སྒྲོལ་བྱེད་ཐབས་བྲལ་ཞེས་ངོ་སྤྲོད་བྱས། གནས་ཚུལ་ཤེས་རྟོཌ་བྱུང་རྗེས་དང་བླངས་པ་149ཡིས་སློབ་མའི་འཚོ་བ་དང་སློབ་སྦྱོང་ཆ་རྐྱེན་ལེགས་སུ་གཏོང་ཆེད་ས་གནས་ས་ཐོག་ཏུ་ཞལ་འདེབས་སྒོར་ཁྲི་6ཙམ་བརྒྱབ་པ་རེད།
         བསོད་ནམས་བསྟན་འཛིན་གྱིས“ནང་སའི་གཅེས་སེམས་མི་སྣའི་ཞལ་འདེབས་ལས་སློབ་མ་དབུལ་པོ་ཁག་གཅིག་གི་ཁ་ཚ་དགོས་གཏུག་གི་གནས་ཚུལ་ཐག་གཅོད་ཐུབ་ཡོད། སློབ་མ་དབུལ་པོ་ཁག་གཅིག་དང་གཅེས་སེམས་དང་བླངས་པའི་དབར་ཡུན་རིང་རོགས་སྐྱོར་གྱི་གྲོས་མཐུན་བཞག་ནས་ཕྲུ་གུ་ཚོའི་སློབ་སྦྱོང་གི་སེམས་ཁྲལ་སེལ་ཡོད། དེ་བས་གལ་ཆེ་བ་ཞིག་ནི་ལག་གདང་སྦྲེལ་བའི་རོགས་སྐྱོར་སློབ་གསོ་ལས་སློབ་མ་ཚོར་ནང་སར་ལྟ་རྟོག་བྱེད་མཁན་ཡོད་ལ་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཀྱང་ཚོར་ཐུབ་པ་བྱུང་ཡོད”ཅེས་བཤད།
         “‘སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད’ལས་གཅེས་སེམས་མི་སྣས་ས་ཁུལ་དབུལ་པོའི་མང་ཚོགས་ལ་རོགས་སྐྱོར་བྱེད་པའི་སྟེགས་བུ་བསྐྲུན་པ་དང་མཐའ་མཚམས་ཀྱི་ས་ཁུལ་དབུལ་པོར་ཡུན་རིང་རོགས་སྐྱོར་བྱེད་པའི་ལམ་སྲོལ་བཟོས་ཡོད”“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད”ལྷོ་ཁ་ས་ཁུལ་གྱི་ལག་བསྟར་དྲུང་ཆེ་སང་དབྱིང་གོས“དང་བླངས་པ་ཚོས་དགེ་བའི་ལས་ཡང་ཡང་སྒྲུབ་ནས་མི་དེ་བས་མང་བས་དཀའ་ངལ་ཡོད་པའི་ཚོགས་སྤྱིར་དོ་ཁུར་བྱ་རྒྱུའི་རེ་བ་ཡོད”ཅེས་བཤད།
         “ཀྲུང་གོའི་སེམས་པ་མཉམ་གཏོད”ཅེས་པའི་སྤྱི་ཕན་བྱེད་སྒོ་ནི་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་དང་། གྲངས་ཉུང་མི་རིགས་ས་ཁུལ། མཐའ་ཁུལ། དབུལ་ཞིང་ཕོངས་པའི་ས་ཁུལ་བཅས་ཀྱི་དཀའ་ངལ་ཡོད་པའི་མི་ཚོགས་ལ་དོ་ཁུར་དང་རོགས་སྐྱོར་བྱ་རྒྱུ་ལྟེ་བར་བྱེད་པའི་གཞི་ཁྱོན་ཆེ་བའི་ངེས་གནས་དང་ཁ་ཕྱོགས་གཏན་འཁེལ་གྱི་བརྗོད་དོན་གཙོ་བོའི་སྤྱི་ཕན་བྱེད་སྒོ་ཞིག་རེད། 2010ལོ་ནས་བཟུང་བྱེད་སྒོ་དེ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི“སེམས་མཐུན་འདུ་འགོད”ནང་བཅུག་ནས“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད”འདུ་ཤེས་ཞེས་ཟེར་གྱི་ཡོད། མིག་སྔར་བྱེད་སྒོ་དེ་སི་ཁྲོན་དང་། ཉིང་ཞ། ཀན་སུའུ། བོད་སོགས་སུ་སྤེལ་ནས་མང་ཚོགས་མི་ཁྲི་བཅུ་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།