འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་མིས་བཟོས་རིག་ནུས་གསར་པ་འཕེལ་རྒྱས་ཀྱི་འཆར་འགོད་མི་འགྱངས་བར་ཁྱབ་
    བསྒྲགས་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་01ཉིན། 15:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་སྒྱུར་བཅོས་བྱེད་འགོ་ཚུགས་པ་དང་བསྟུན་ནས། མིས་བཟོས་རིག་ནུས་སོགས་ལག་རྩལ་གསར་པ་ཡང་དར་རྒྱས་བྱུང་ནས་མིའི་རིགས་རིག་ནུས་ཆེན་པོའི་དུས་རབས་སུ་སྐྱོད་འགོ་ཚུགས་པ་རེད། ཚེས་29ཉིན་ཐེན་ཅིན་དུ་འཚོགས་པའི་འཛམ་གླིང་རིག་ནུས་ཚོགས་ཆེན་ཐོག་ཚན་རྩལ་པུའི་འགན་འཁུར་བས། རང་རྒྱལ་གྱིས་མིས་བཟོས་རིག་ནུས་གསར་པ་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་རྒྱལ་ཁབ་འཆར་འགོད་མི་འགྱངས་བར་ཁྱབ་བསྒྲགས་བྱས་ནས་མིས་བཟོས་རིག་ནུས་རེས་སྐོར་གསར་པའི་ཚན་རྩལ་དང་ཐོན་ལས་སྒྱུར་བཅོས་ཀྱི་སྒུལ་ཤུགས་གཙོ་བོར་འགྱུར་བར་བྱ་རྒྱུ་ཡིན་ཞེས་བརྗོད།
          ཚོགས་འདུར་ཞུགས་མཁན་ཡོན་ཧྲི་དང་རིགས་གཅིག་མཁས་ཅན་དང་ལས་རིགས་ཀྱི་འཐུས་མི་ཁག་གིས། མིས་བཟོས་རིག་ནུས་གསར་པས་མིའི་རིགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་དང་འཚོ་བ་བཅས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་ཤུགས་རྐྱེན་ཐེབས་བཞིན་ཡོད་ལ། མིས་བཟོས་རིག་ནུས་ཀྱི་འཕེལ་རིམ་དུས་མཚམས་གསར་པ་ཞིག་ཏུ་སླེབས་ནས་སློབ་སྦྱོང་གཏིང་ཟབ་དང་། ལས་རིགས་ལས་འདས་ནས་མཉམ་འདྲེས་བྱེད་པ། མི་དང་འཕྲུལ་ཆས་ཀྱིས་མཉམ་སྒྲུབ་བྱེད་པ། རིག་ནུས་བཀོལ་སྤྱོད་བྱེད་པ་སོགས་ཀྱི་ཁྱད་ཆོས་མངོན་བཞིན་ཡོད་པའི་ངོས་འཛིན་བྱས་པ་རེད།
          “གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་ལག་རྩལ་གཞན་ཐམས་ཅད་དང་འདྲ་བར། མིས་བཟོས་རིག་ནུས་གསར་པ་ལ་ཡང་ངེས་མེད་རང་བཞིན་ཆེན་པོ་ལྡན་པས། སྤྱི་འདོམས་ཇུས་འགོད་དང་ཚན་རིག་ལ་བརྟེན་ནས་སྣེ་ཁྲིད་བྱེད་དགོས” རང་རྒྱལ་གྱིས་མིས་བཟོས་རིག་ནུས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་རྒྱལ་ཁབ་ཀྱིས་མིས་བཟོས་རིག་ནུས་དང་འབྲེལ་ཡོད་ཚན་རྩལ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཤིང་། མིག་སྔར་འཕེལ་རིམ་གལ་ཆེན་ཐོབ་ཡོད་ཅེས་ཚན་རྩལ་པུའི་འགན་འཁུར་བས་ངོ་སྤྲོད་བྱས།
           ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར་ཚན་རྩལ་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་འབྲེལ་ཡོད་སྡེ་ཚན་གྱིས་མིས་བཟོས་རིག་ནུས་གསར་པ་འཕེལ་རྒྱས་འཆར་འགོད་དང་ཚན་རྩལ་རྣམ་གྲངས་གལ་ཆེན་ལེགས་སྒྲུབ་བྱས་པ་དང་སྦྲགས། 2030ལ་ཕྱོགས་ནས་མིས་བཟོས་རིག་ནུས་འཕེལ་རྒྱས་ལ་བརྒྱུད་རིམ་ལྡན་པའི་འཆར་འགོད་ཀྱང་བྱས་ཡོད་པ་རེད།
          རང་རྒྱལ་གྱིས་སྤྱི་ཚོགས་མི་ཆོས་དང་། ལས་ཞུགས་ཀྱི་གྲུབ་ཆ། སྒེར་གྱི་གསང་བ། རྒྱལ་ཁབ་ཀྱི་བདེ་འཇགས་སོགས་ཀྱི་མིས་བཟོས་རིག་ནུས་ཀྱི་འགྱུར་ལྡོག་དང་འགྲན་སློང་ལ་ཚད་མཐོའི་མཐོང་ཆེན་གནང་ཐོག་འབྲེལ་ཡོད་སྲིད་ཇུས་དང་ཁྲིམས་སྲོལ་ཁག་འཐུས་སྒོ་ཚང་དུ་བཏང་ནས་བདེ་འཇགས་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད་བཞིན་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། མིས་བཟོས་རིག་ནུས་གསར་པ་འཕེལ་རྒྱས་འཆར་འགོད་ཀྱིས་གཙོ་བོར་ཕྱོགས་བཞིའི་ཐད་ཀྱི་ལས་དོན་ལ་སྐུལ་འདེད་ཐེབས་རྒྱུ་ཡིན་པ་སྟེ། གཅིག་ནས་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་དང་རྨང་གཞིའི་སྒྲིག་བཀོད་བརྟན་དུ་གཏོང་རྒྱུ་དང་། གཉིས་ནས་མིས་བཟོས་རིག་ནུས་ཀྱི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བེད་སྤྱོད་བྱེད་མགྱོགས་སུ་གཏོང་རྒྱུ། གསུམ་ནས་སྲིད་ཇུས་གྲབས་གསོག་ལ་ཤུགས་སྣོན་དང་ཉེན་ཁ་དོགས་ཟོན་ལ་མཐོང་ཆེན་བྱ་རྒྱུ། བཞི་ནས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མིས་བཟོས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་སྤྱི་འདོམས་མཐུན་སྦྱོར་ལ་ཞུགས་རྒྱུ་བཅས་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།