འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱར་དུས་ཀྱི་ཏ་ཨའོ་སི་གླེང་སྟེགས་ཐོག་ཕྱི་རྒྱལ་གྱི་སྐུ་མགྲོན་གྱིས“ཀྲུང་གོའི་འགྱུར་ལྡོག”
    མྱོང་ཚོར་ཐུབ་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་01ཉིན། 15:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་29ཉིན་ཏ་ལེན་དུ་གཉེར་བའི་དབྱར་དུས་ཀྱི་ཏ་ཨའོ་སིའི་གླེང་སྟེགས་ཐོག“རྒྱུད་གཅིག་ལམ་གཅིག”དང་། རིག་ནུས་ལག་ཐོགས་ཁ་པར། ནུས་རྒྱུ་གཙང་མ། དྲ་རྒྱའི་ཚན་རྩལ། དཔལ་འབྱོར་མཉམ་སྤྱོད་ལ་སོགས་པ་ཕྱི་རྒྱལ་གྱི་སྐུ་མགྲོན་གྱིས་གླེང་སྟེགས་རེ་རེ་བཞིན་ཐོག་ནས་ཀྲུང་གོའི་ཚན་རྩལ་ལ་དོ་ཁུར་དང་། ཀྲུང་གོའི་གསར་གཏོད་མྱོང་ཚོར། ཀྲུང་གོའི་འགྱུར་ལྡོག་ལྷུག་གླེང་བཅས་བྱས་ཡོད།
           གླེང་སྟེགས་ཐོག་ཨེ་ཤེ་ཡ་མ་འཇོག་དངུལ་ཁང་གི་ཧང་ཀྲང་གཞོན་པ་ཡ་ལི་ཧྲན་ཏ·ཏན་ཉི་ཡིས་དངུལ་རྩའི་བདེ་འཇགས་གནད་དོན་སྐོར་གླེང་སྐབས། མྱོང་ཚོར་ཟབ་མོས་ཁོང་གི་མིག་ནང་གི་ཀྲུང་གོའི་ཚན་རྩལ་སྐོར་གླེང་བ་སྟེ“ང་ཀྲུང་གོར་ལས་ཀ་བྱས་ནས་ལོ་གཅིག་ལྷག་ཙམ་ཕྱིན་སོང་། ངས་པ་ཀེར་ནང་དངུལ་འཁྱེར་མི་དགོས་པར་སྐད་འཕྲིན་དང་གཏོང་སྤྲོད་འབོ་སོགས་དྲ་རྒྱའི་དངུལ་སྤྲོད་ལག་ཆ་སྤྱོད་རྒྱུ་ཡོད་པ་ཤེས་བྱུང་བས་ལག་རྩལ་དེ་རིགས་ཨ་རི་དང་ཡོ་རོབ་ལས་ཀྱང་དེ་བས་སྔོན་ཐོན་ཡིན་པ་དང་། དྲ་ཐོག་གཏོང་སྤྲོད་བྱེད་པ་ལས་ཁ་བསླུས་ཉུང་དུ་ཕྱིན་ནས་དངུལ་རྩའི་བདེ་འཇགས་ཆེ་རུ་སོང་བས་དངུལ་རྩའི་སྒྲིག་གཞི་མང་པོས་ལག་རྩལ་དེ་རིགས་ལ་དགའ་པོ་བྱེད་ཀྱི་ཡོད”ཅེས་བཤད།
           སྐད་འཕྲིན་དང་། ཏི་ཏི་བོགས་གཏོང་རླངས་འཁོར། དཔལ་འབྱོར་མཉམ་སྤྱོད་སོགས་ཀྲུང་གོར་ཐོན་པའི་ལག་ཐོགས་ཁ་པར་གྱི་བེད་སྤྱོད་ཕན་ནུས་ལ་ད་ཐེངས་ཀྱི་གླེང་སྟེགས་ཐོག་ཚོགས་ཞུགས་ཕྱི་རྒྱལ་སྐུ་མགྲོན་གྱི་དགའ་བསུ་ཆེན་པོ་ཐོབ་ཡོད། གཙོ་གཉེར་ཕྱོགས་ཀྱི“རྩ་གཉིས་ཨང་རྟགས”བཤར་འབེབས་བྱས་ཚེ་དེའི་ནང་གླེང་སྟེགས་ཀྱི་ཐེངས་གྲངས་བཀོད་སྒྲིག་དང་། གཏམ་བཤད་སྤེལ་མཁན་སྐུ་མགྲོན་གྱི་ཆ་འཕྲིན། ཚོགས་འདུའི་རྒྱབ་ལྗོངས་དཔྱད་གཞི་སོགས་ཚང་མ་མཁོ་འདོན་བྱས་ཡོད།
           ཉེ་ཆར་ཡོངས་བསྒྲགས་བྱས་པའི་《ཀྲུང་གོ་སྒུལ་བདེའི་དྲ་སྦྲེལ་འཕེལ་རྒྱས་འགྲོ་ཚུལ་དང་དེ་བཞིན་བདེ་འཇགས་སྙན་ཞུ་(2017)》གཞིར་བཟུང་2016ལོའི་ཀྲུང་གོའི་རྒྱལ་ཁོངས་ནང་བེད་སྤྱོད་ཆེ་བའི་རིག་ནུས་ལག་ཐོགས་ཁ་པར་དུང་ཕྱུར་23.3ཟིན་པ་དེ་2015ལོ་དང་བསྡུར་ན་106%འཕར་ཡོད།
          སིང་ཀ་ཕོར་གྱི་ཚོང་དོན་བཟོ་ལས་པུའུ་དང་རིག་གནས་དང་སྡེ་ཁུལ་དང་དེ་བཞིན་གཞོན་ནུ་པུའི་མཐོ་རིམ་སྲིད་དོན་པུའུ་ཀྲང་གཅིག་ལྕོགས་ཡིན་པའི་ཧྲེན་དབྱི་དང་། ཕ་ཁི་སི་ཐན་གྱི་འཆར་འགོད་དང་འཕེལ་རྒྱས་པུའི་པུའུ་ཀྲང་དབྱི་ཁེ་པར་སོགས་ཀྱིས་ཀྲུང་གོས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་ལམ་རྒྱུད་རྒྱལ་ཁབ་ལ་སྐྲུན་པའི་གོ་སྐབས་ཧ་ཅང་ཆེན་པོར་དེ་བས་དོ་ཁུར་བྱེད་ཀྱི་ཡོད།
          “ཕ་ཁི་སི་ཐན་དང་ཀྲུང་གོས་རིང་མིན་གོང‘རྒྱུད་གཅིག་ལམ་གཅིག’གི་མཉམ་ལས་ཀྱི་བསམ་ཤེས་དྲན་ཐོར་མིང་རྟགས་བཀོད་དེ་ཕྱོགས་གཉིས་པོའི་མཉམ་ལས་ཚད་གཞི་གསར་པ་ཞིག་ཐོག་རིམ་སྤོར་བྱས་པ་རེད། རྒྱལ་ཁབ་གཉིས་པོ་མཉམ་ལས་བྱེད་པ་ལས་ཕ་ཁི་སི་ཐན་གྱི་སྐམ་སའི་ནང་ཁུལ་སྒོ་མོ་དབྱེ་བ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པས་ཐག་རིང་ལུང་ཁུག་ས་ཁུལ་དེ་བས་སྦྲེལ་མཐུད་ཡག་པོ་ཐུབ་རྒྱུར་ཕན་ཐོགས་ཡོད”ཅེས་དབྱི་ཁེ་པར་གྱིས་བཤད།
          དབྱར་དུས་ཀྱི་ཏ་ཨའོ་སི་གླེང་སྟེགས་གཉེར་རིང“ཀོང་ཀྲོའུ་ཡི་མཚན་མོ”ཞེས་པའི་གྲོང་ཁྱེར་གྱི་འོས་སྦྱོར་ཚོགས་འདུའི་ཐོག་འཕྲུལ་མི་དང་། VRགྲོང་ཁྱེར་ངོ་སྤྲོད་ཀྱི་བརྙན་ཐུང་། 8Kགསལ་མཐོང་བརྙན་འཕྲིན་སོགས་ཚན་རྩལ་གསར་པའི་གྲུབ་འབྲས་གཅིག་སྡུད་ཐོག་སྟོན་ནས་ཕྱི་རྒྱལ་སྐུ་མགྲོན་གྱི་ཡིད་དབང་བཀུག་ཡོད།
           ཚེས་29ཉིན་གྱི་ཕྱི་དྲོ་དབྱར་དུས་ཀྱི་ཏ་ཨའོ་སི་གླེང་སྟེགས་མཇུག་སྒྲིལ་གྲབས་ཡོད་པ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་མི་ཉུང་བ་ཞིག་རྒྱལ་སྤྱིའི་ཚོགས་འདུའི་ལྟེ་གནས་ཕྱི་རོལ་གྱི་གྱེན་འཕྱུར་ཆུ་མིག་ཐང་ཆེན་མདུན་དུ་ཡོང་ནས་དྲན་རྟེན་པར་བརྒྱབ་པ་དང་། “དབྱར་དུས་ཀྱི་ཏ་ཨའོ་སི་གླེང་སྟེགས་ནི་འཛམ་གླིང་དཔལ་འབྱོར་ལ་ལྟ་ཞིབ་བྱེད་པའི་སྐར་ཁུང་ཡིན་ལ། ང་ཚོས་ཀྲུང་གོའི་འགྱུར་ལྡོག་ལ་ཤེས་རྟོགས་བྱེད་པའི་སྐར་ཁུང་ཞིག་ཀྱང་ཡིན”ཞེས་ཀྲུང་ལེང་ལན་ཧེང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ཁེ་ལས་ཀྱི་ཇུས་གཞི་ཐག་གཅོད་ལས་འཛིན་གྱི་སྤྱི་ཁྱབ་ཅིང་ལི་ཁོའུ་སུའུ་ཤའོ་ཡིས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།