འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་དཀར་མཛེས་ཀྱི་མཚོ་མང་སྒང་གི་ས་བབ་སྨི་4410ཡི་སར་འཇིག་རྟེན་འཕྲོ་ཐིག་
    ལྟ་ཞིབ་ཚད་ལེན་ས་ཚིགས་བསྐྲུན་པས་འཛམ་གླིང་གི་གསང་བ་བརྟོལ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་26ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འདབ་པ་རྫོང་མཚོ་མང་སྒང་དུ་ཆ་སྙོམས་ས་བབ་མཐོ་ཚད་སྨི་4110ཡོད། ཞེང་ཚད་སྨི་འགའ་ཟིན་པའི་བྲག་རྡོ་ཐར་ཐོར་དུ་ལྷུང་བའི་ཐང་རྒྱ་ཆེན་པོའི་སྟེང་ཆེ་ཆུང་རྐང་རྩེད་སྤོ་ལོའི་ཐང་ཆེན་10ཙམ་ཟིན་པའི་ཟླུམ་གཟུགས་ས་ཁོངས་ཤིག་ཆགས་པའི་ཐོག་རྐོ་འདྲུའི་འཕྲུལ་འཁོར་གྱིས་རྒྱ་ཡིག“品”དབྱིབས་ཅན་ཏེ། རིང་ཚད་ལ་སྨི་4.5ཡི་ཆུ་རྫིང་ཆེན་པོ་ཞིག་སྔོག་བཞིན་འདུག
         ད་ལྟ་སྐྲུན་བཞིན་པ་དེ་ནི་རྒྱལ་ཁབ་ཀྱི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་ཆེ་གྲས་ཏེ་ས་བབ་མཐོ་བའི་འཇིག་རྟེན་འཕྲོ་ཐིག་ལྟ་ཞིབ་ཚད་ལེན(LHAASO)ཡིན་པ་དང་། སྔོན་དཔག་བྱས་ན། སང་ལོའི་ལོ་མཇུག་ཏུ་ཁག་གཅིག་འཁོར་རྒྱུག་བྱ་རྒྱུ་རེད། ལྟ་ཞིབ་ཚད་ལེན་དེའི་ལས་འགན་གཙོ་བོ་ནི་ནུས་ཆེའི་འཇིག་རྟེན་འཕྲོ་ཐིག་འཛིན་ནས་དེའི་ཡོང་ཁུངས་དང་འབྱུང་རྐྱེན་ལ་དབྱེ་ཞིབ་བྱ་རྒྱུ་རེད། སྤྱི་ལེ་ངོས་གྲུ་1.36གི་ཐང་རྒོད་ས་མཐོ་དེ་མིའི་རིགས་ཀྱིས་འཇིག་རྟེན་ཆགས་ཚུལ་གྱི་གསང་བ་བརྟོལ་བའི་ཆེས་སྔོན་ཐོན་གྱི་ལག་ཆར་འགྱུར་རྒྱུ་རེད།
         འཇིག་རྟེན་འཕྲོ་ཐིག་ལྟ་དཔྱད་ཀྱི“སྒྲིག་ཆས”དེས་ཕྲ་མཐོང་དང་འཇིག་རྟེན་མཐོང་ཚུལ་གྱི་འཛམ་གླིང་གཉིས་པོའི་གསང་བ་བརྟོལ་བ།
         འཇིག་རྟེན་འཕྲོ་ཐིག་གི་མིང་གཞན་ལ་འཇིག་རྟེན་འཕྲོ་འོད་ཅེས་ཀྱང་བརྗོད། དེ་ནི་འཇིག་རྟེན་གྱི་ནུས་ཆེའི་གཞི་རྡུལ་རྒྱུག་ཚུལ་གྱི་སྤྱི་མིང་ཡིན་པ་དང་། གྲུབ་ཆར་རྒྱུ་རྡུལ་དང་རྡུལ་ཕྲན་གྱི་སྙིང་པོ་མཐའ་དག་དང་། ད་དུང་འོད་འཕྲོ་དང་། ཕྲ་རྡུལ། གློག་རྡུལ་སོགས་མི་ཉུང་བ་ཞིག་ཀྱང་འདུས་ཡོད།
         1912ལོར་ཨོ་སི་ཁྲུ་རི་ཡའི་དངོས་ཁམས་རིག་པ་མཁས་ཅན་ཧེ་སི་ཡིས་འཇིག་རྟེན་འཕྲོ་ཐིག་ཡོད་པ་ཤེས་རྟོགས་བྱུང་། བར་སྣང་གི་གཞི་རྡུལ་ལ་མཐོང་ཚུལ་དུ་གྱུར་པའི་འོད་འཕྲོ་ལས་ལྡབ་ཁྲི་བརྒྱ་ཕྲག་གི་ནུས་པ་ལྡན་པས་ཚན་རིག་མཁས་ཅན་ཚོར་ཕྲ་མཐོང་འཇིག་རྟེན་གྱི“སྒོ་མོ”འབྱེད་པའི་ལྡེ་མིག་སྦྱིན་ཡོད།
         1932ལོར་ཨ་རིའི་དངོས་ཁམས་རིག་པ་མཁས་ཅན་ཨན་ཏེ་སེན་གྱིས་འཇིག་རྟེན་འཕྲོ་ཐིག་ཚངས་ཐིག་གི་རྗེས་ཤུལ་ལས་ལྡོག་པའི་དངོས་རྫས་ཐོག་མར་ཤེས་རྟོགས་བྱུང་བ་སྟེ། ཕོ་གློག་འཁྱེར་བའི་གློག་རྡུལ་ལྡན་ཡོད། དེ་རྗེས་གཞི་རྡུལ་དངོས་ཁམས་རིག་པ་བྱུང་བ་དང་འབྲེལ། ཏུའོ་མའེ་ལ་ནོ་པེར་བྱ་དགའ་ཡང་སྤྲོད་འགོ་ཚུགས་ཡོད།
         འཇིག་རྟེན་འཕྲོ་ཐིག་གི་ཁྱད་འཕགས་རང་བཞིན་དེ་ཟམ་པ་དང་འདྲ་བར་ཕྲ་མཐོང་འཇིག་རྟེན་དང་ཡངས་པའི་འཇིག་རྟེན་དབར་འབྲེལ་བ་ཐུབ་ཀྱི་ཡོད།
         ཚའོ་ཀྲེན་གྱིས་ཕྱིའི་བར་སྣང་གི་དངོས་པོའི་མ་དཔེ་གཅིག་པུ་ཡིན་པ་དེས་འཇིག་རྟེན་འཕྲོ་ཐིག་གི་རྩ་བའི་འབྱུང་ཁུངས་ཀྱི་སྐར་མའི་གོ་ལ་དང་དེ་བཞིན་བར་མཐོངས་བརྒྱུད་པའི་འཇིག་རྟེན་མཐོང་ཚུལ་ཁོར་ཡུག་གི་གྲུབ་ཆ་ཡོད་པ་མ་ཟད། ཐ་ན་སྐར་མའི་གོ་ལ་ཆགས་ཚུལ་དང་དེ་བཞིན་འཇིག་རྟེན་གདོད་མའི་གསང་བ་བརྟོལ་བའི་གྲུབ་ཆ་ཡོད་པས་མིའི་རིགས་ཀྱིས་འཇིག་རྟེན་འཚོལ་ཞིབ་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་རེད་ཅེས་བརྗོད།
         འཇིག་རྟེན་འཕྲོ་ཐིག“འཛིན་པ”ལས་འཛམ་གླིང་གི་གསང་བ་རྡོལ་བ།
         དུས་རབས་གཅིག་ལྷག་ཙམ་རིང་མིའི་རིགས་ལ་འཇིག་རྟེན་འཕྲོ་ཐིག་འཚོལ་ཞིབ་བྱེད་པའི་ཐབས་ཤེས་མང་པོ་བྱུང་ཡོད།
         མཁའ་དབྱིངས་སུ་སྲུང་སྐར་དང་བར་སྣང་ས་ཚིགས་ཀྱིས་རླུང་ཁམས་ཆེ་མོའི་བང་རིམ་མམ་ཡང་ན་རླུངས་ཁམས་ཆེ་མོའི་མཐོ་རིམ་ནས་ཐད་ཀར་འཇིག་རྟེན་འཕྲོ་ཐིག་འཚོལ་ཞིབ་བྱེད་པ་དང་། ས་ངོས་སུ་འཛམ་གླིང་གི་ཡང་རྩེ་བོད་ལྗོངས་ཀྱི་ཡངས་པ་ཅན་གྱི་ས་ངོས་སུ་འཚོལ་ཞིབ་སྒྲིག་ཆས་ཆེ་གྲས་བཙུགས་པ། མཚོ་འོག་ཏུ་ལྷོ་སྣེའི་འཁྱགས་རིམ་འོག་གི་སྨི་2400ཡི་སར་ཕྲ་རྡུལ་འབྲིང་མའི་རྒྱང་ཤེལ་སྒྲིག་སྦྱོར་བྱས་པ་སོགས་རེད།
         འཚོལ་ཞིབ་ལས་ཀ་རྒྱུན་ཆད་མེད་ནའང་གཞི་རྡུལ“བྱུང་ཚུལ”དང་དེ་བཞིན་དངོས་ཁམས་ཀྱི་བརྒྱུད་རིམ་ཅི་འདྲའི་འོག་གཞི་རྡུལ་དེ་དག་མགྱོགས་པོ་དེ་འདྲ་དེ་བས་མཐོ་བའི་ནུས་པར་འགྱུར་བའི་གནད་དོན་དེ་ད་བར་གསང་བ་ཞིག་ཏུ་གྱུར་ཡོད། རྒྱལ་སྤྱིའི་དངོས་ཁམས་རིག་པའི་ལས་རིགས་སུ“དུས་རབས་21པའི་ཚན་རིག་གི་གནད་དོན་11”ནང་འཇིག་རྟེན་འཕྲོ་ཐིག་ཆགས་ཚུལ་གྱི་གསང་བ་དེ་རིམ་པ་ལྔ་པར་བཞག་ཡོད།
         དེར་བརྟེན་དེང་སྐབས་ཀྱི་རྒྱལ་སྤྱིའི་འཇིག་རྟེན་འཕྲོ་ཐིག་ཆེ་གྲས་གསུམ་གྱི་ཞིབ་འཇུག་ལྟེ་གནས་ཆགས་པ་དེ་དག་མེ་གླིང་ལྷོ་མའི་ཆེས་ནུས་ཆེའི་འཇིག་རྟེན་འཕྲོ་ཐིག་ལྟ་ཞིབ་ཚད་ལེན་ས་ཚིགས་དང་། ལྷོ་སྣེའི་ཕྲ་རྡུལ་འབྲིང་མའི་གནམ་དཔྱད་ལྟ་ཞིབ་ཚད་ལེན་ས་ཚིགས། ཡོ་རོབ་ཀྱི་ཀཱ་མ་གནམ་དཔྱད་ལྟ་ཞིབ་ཚད་ལེན་ས་ཚིགས་བཅས་སུ་གནས་ཡོད།
         ཚའོ་ཀྲེན་གྱིས“ཡིན་ནའང་མིག་སྔར་བདེན་དཔང་ར་སྤྲོད་བྱས་པའི་འཇིག་རྟེན་འཕྲོ་ཐིག་ཅིག་ད་དུང་ཐོན་མེད། དེ་ནི་ཀྲུང་གོ་ཚན་རིག་ཞིབ་འཇུག་ཚོགས་པའི་གོ་སྐབས་ཤིག་རེད”ཅེས་བརྗོད།
         ཀྲུང་གོའི་LHAASOཡིས་འཛམ་གླིང་གི་ཨང་དང་པོ་གསུམ་གཏོད་པ།
         2021ལོར་ལྟ་ཞིབ་ཚད་ལེན་དེ་བསྐྲུན་ཟིན་རྗེས་ཀྲུང་གོའི་ས་བབ་མཐོ་བའི་འཇིག་རྟེན་འཕྲོ་ཐིག་ལྟ་ཞིབ་ཚད་ལེན་འདི་ཉིད་འཛམ་གླིང་ཁྱབ་ཁོངས་སུ་འཇིག་རྟེན་འཕྲོ་ཐིག་ཞིབ་འཇུག་ལྟེ་གནས་ཀྱི་གྲས་ཤིག་ཏུ་འགྱུར་རྒྱུ་མ་ཟད། “འཛམ་གླིང་གི་ཨང་དང་པོ་གསུམ་གཏོད་པ”བཅས་རེད།
         LHAASOརྣམ་གྲངས་དེ་དཀར་མཛེས་འདབ་པ་རྫོང་དུ་བསྐྲུན་དོན་ནི་གནས་དེར་ལྟ་དཔྱད་ཚད་ལེན་གྱི་ཆ་རྐྱེན་ཧ་ཅང་ཡག་པོ་འཛོམས་པ་སྟེ། ས་བབ་མཐོ་བ་དང་། གནམ་ཐང་དང་ཐག་ཉེ་བ། གློག་ཤུགས་བརྟན་པ་དང་འཕྲིན་གཏོང་གི་ཆ་རྐྱེན་འཛོམས་པ། ཆུའི་ཐོན་ཁུངས་འབེལ་བ་མ་ཟད། ད་དུང་ས་གནས་དེ་གའི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་པས་རེད།
         LHAASOཡི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་1.36བཟུང་བ་དང་ཚགས་ཚུད་པའི་ལྟ་ཞིབ་ཚད་ལེན་ཡོ་བྱད་གྲལ་ལྟར་འགྲིག་པ་དེ་ས་མཐོའི་ཐོག“གནམ་དྲ”ཞིག་གཡོག་པ་དང་མཚུངས་པ་དེར་ཆེས་མཐོ་ནུས་ཀྱི་ཀཱ་མ་འཕྲོ་འོད“འཛིན་པའི”ནུས་པ་ཆེན་པོ་ལྡན་ཡོད།
         བརྟག་ཞིབ་ཐིག་ལེན་སྒྲིག་གཤོམ་བྱེད་དགོས་ན་བཀོད་སྒྲིག་ཆེ་ཆུང་ཚད་རན་པོ་ཞིག་བྱས་ཚེ་ལྟ་ཞིབ་ཚད་ལེན་བྱེད་ཆོག 2018ལོའི་ལོ་མཇུག་ཏུ་བཞི་ཆ་གཅིག་བསྐྲུན་ཟིན་པའི་LHAASOདེ་འཛམ་གླིང་ཐོག་གི་རིགས་འདྲ་བའི་འཇིག་རྟེན་འཕྲོ་ཐིག་ཚད་འཇལ་གྱི་གྲས་ཤིག་ཏུ་འགྱུར་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།