འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་མའོ་རྫོང་དུ་རི་ཚབས་ཆེན་ཉིལ་བས་དྲག་ཆས་ཉེན་རྟོག་དཔོན་དམག་1155ཡིས་
    མྱུར་སྐྱོབ་ལས་དོན་ཛ་དྲག་ངང་སྤེལ་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་26ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་24ཉིན་གྱི་ཆུ་ཚོད་6པ་ཙམ་དུ་སི་ཁྲོན་རྔ་པ་ཀྲོའུ་མའོ་རྫོང་ཏེ་ཤིས་གྲོང་རྡལ་ཤིན་མུའོ་གྲོང་ཚོར་མཐོ་ས་ནས་རི་ཚབས་ཆེན་ཉིལ་བའི་རང་བྱུང་གནོད་འཚེ་ཐོན་རྗེས་དྲག་ཆས་ཉེན་རྟོག་དཔུང་སྡེས་དམག་མི་1155དང་འཕྲུལ་ཆས་195བཀོད་སྒྲིག་བྱས་ནས་ཉེན་སེལ་རོགས་སྐྱོབ་ཀྱི་བྱ་སྤྱོད་སྤེལ་བ་རེད།
           གནོད་འཚེ་ཐོན་རྗེས་དྲག་ཆས་ཉེན་རྟོག་དཔུང་སྡེས་འཕྲལ་མར་དྲག་ཆས་ཉེན་རྟོག་གི་ནང་སྲུང་དང་། འགྲིམ་འགྲུལ། ཆུ་གློག གསེར་འདོན་དཔུང་སྡེ་སོགས་རོགས་སྐྱོབ་སྟོབས་ཤུགས་རྩེ་གྲ་མང་པོ་ཞིག་སྐོང་འཐེན་དང་ཆེད་ལས་ཀྱི་རོགས་སྐྱོབ་སྒྲིག་ཆས་འབོར་ཆེན་འཁྱེར་ནས་གནོད་འཚེ་ཐོན་སར་བསྐྱོད་དེ་རོགས་སྐྱོབ་ལས་དོན་སྤེལ་བ་རེད། ཚེས་24ཉིན་གྱི་ཆུ་ཚོད་18བར་དྲག་ཆས་ཉེན་རྟོག་སི་ཁྲོན་སྤྱི་ཁྱབ་རུ་ཁག་དང་དྲག་ཆས་ཉེན་རྟོག་གསེར་འདོན་སྤྱི་ཁྱབ་རུ་ཁག་གསུམ་པ་དང་། ཆུ་གློག་སྤྱི་ཁྱབ་རུ་ཁག་གསུམ་པ། འགྲིམ་འགྲུལ་སྤྱི་ཁྱབ་རུ་ཁག་དང་པོ་བཅས་ཁྱོན་དམག་མི་835དང་འཕྲུལ་ཆས་156གནོད་འཚེ་ཐོན་སར་འབྱོར་ནས་ཉེན་སེལ་རོགས་སྐྱོབ་ཀྱི་བྱ་སྤྱོད་སྤེལ་ཡོད། དྲག་ཆས་ཉེན་རྟོག་སི་ཁྲོན་སྤྱི་ཁྱབ་རུ་ཁག་རྔ་པ་ཉིང་ལག་རུ་ཁག་གི་རོགས་སྐྱོབ་དཔོན་དམག་155ཚང་མ་མའོ་རྫོང་ཏེ་ཤིས་གྲོང་རྡལ་ཤིན་མོའུ་གྲོང་ཚོའི་རི་ཚབས་ཆེན་ཉིལ་སར་འབྱོར་བ་དང་གློག་ཞུ་དང་། ཧྲུག་བཅག་འཕྲུལ་ཆས། སྲོག་རྒྱུན་འཚོལ་ཆས་སོགས་ཀྱི་རོགས་སྐྱོབ་སྒྲིག་ཆས་20ལྷག་ཙམ་འཁྱེར་ཡོད་པ་རེད། ད་ཆ་དཔོན་དམག་ཚང་མ་རོགས་སྐྱོབ་ལས་དོན་སྒྲུབ་བཞིན་ཡོད་ཅིང་། གནོད་འཚེ་ཐོན་སར་ཉེན་སེལ་རོགས་སྐྱོབ་དང་། མཐའ་སྐོར་དོགས་ཟོན། ལམ་བུ་ཤར་གཏོང་བཅས་ཀྱི་ལས་འགན་གཙོ་བོ་ཁུར་གྱི་ཡོད།
          དྲག་ཆས་ཉེན་རྟོག་གསེར་འདོན་དཔུང་སྡེས་འཕྲལ་མར་འཕྲལ་སྡོམ་བརྡ་ལན་གྱི་ལམ་སྲོལ་བཙུགས་ནས་སྔོན་བསྐྱོད་ཚོགས་ཆུང་གི་དཔོན་དམག་བདུན་གྱིས་འཕྲལ་མར་གནོད་འཚེ་ཐོན་སར་བསྐྱོད་དེ་རོགས་སྐྱོབ་ལས་དོན་སྤེལ་བ་རེད། དེ་དང་དུས་མཚུངས། ས་གཤིས་དང་། ཆུ་དཔྱད། ཚད་འཇལ་སོགས་ཆེད་ལས་མི་སྣ་དང་དེ་བཞིན་མཁའ་སྐྱོད་ཡན་ལག་རུ་ཆུང་བཅས་ནས་མི་79སྐོང་འཐེན་གྱིས་འཕྲལ་སྡོམ་རོགས་སྐྱོབ་ཡན་ལག་རུ་ཁག་བཙུགས་ནས་རོགས་སྐྱོབ་སྒྲིག་ཆས་84དང་། མི་མེད་གནམ་གྲུ་2 ཚད་གསུམ་སྐུལ་འོད་བཤར་འབེབས་འཕྲུལ་ཆས་1 ཚད་འཇལ་འཕྲུལ་ཆས་2བཅས་འཁྱེར་ཏེ་གནོད་འཚེ་ཐོན་སར་ས་གཤིས་གནོད་འཚེ་གྲལ་བཤེར་བྱེད་པར་བསྐྱོད་པ་རེད།
          དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་དཔུང་སྡེའི་འཕྲལ་སྡོམ་རོགས་སྐྱོབ་ཀྱི་ཆེད་ལས་ལག་རྩལ་རྐང་འཛིན་པ་60ལྷག་ཙམ་གྱིས་མི་མེད་གནམ་གྲུ་དང་། དམར་ཕྱིའི་འོད་ཀྱི་འཚོལ་ཞིབ་ཡོ་ཆས། ཚད་གསུམ་ཤར་འབེབས་འཕྲུལ་ཆས་སོགས་ཀྱི་སྔོན་ཐོན་སྒྲིག་ཆས་འཁྱེར་ནས་མཁའ་ཐོག་དང་། ས་ངོས། ཆུ་འོག འདམ་རྡོའི་ཆུ་རུད་ལ་ཁུང་བུ་འབིགས་པ་སོགས་ཀྱི་ཐབས་རྩལ་སྤྱད་དེ་ཆུ་ཚོད་གཅིག་དང་སྐར་མ་12ཙམ་བསྟུད་མར་འབད་འཐབ་བྱས་ནས“སྲོག་རྒྱུན་འཚོལ་བའི་ལག་རྩལ་གྱི་ལམ་བུ”མང་པོ་ཞིག་བཏོད་ཅིང་། རོགས་སྐྱོབ་རུ་ཁག་གིས་ཉེན་གྱར་བ་གསུམ་སྐྱོབ་རྒྱུར་སྟབས་བདེ་བསྐྲུན་ཡོད། གནོད་འཚེ་ཐོན་སར་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་དཔུང་སྡེའི་སྐས་རུ་དང་པོའི་དཔོན་དམག་160ལྷག་ཙམ་གྱིས་ཆེད་ལས་རོགས་སྐྱོབ་ཀྱི་སྔོག་འདོན་འཕྲུལ་འཁོར་དང་འདོན་འཇུག་འཕྲུལ་འཁོར་སོགས་འཕྲུལ་ཆས་ཆེ་གྲས་བཏང་ནས་དམག་མི་ཁག་མང་པོར་བགོས་ཏེ་ལམ་བུ་བཤངས་བ་དང་སྦྲགས་རི་ཉིལ་ཤུགས་ཆེ་སར་བསྐྱོད་ཐབས་བྱས་ཡོད། སྐས་རུ་གཉིས་པའི་དཔོན་དམག་200ལྷག་ཙམ་དང་ནུས་མང་རོགས་སྐྱོབ་རླངས་འཁོར་དང་བརླན་སའི་སྔོག་འདོན་འཕྲུལ་ཆས་སོགས་དཔེ་གསར་སྒྲིག་ཆས་70ལྷག་ཙམ་ཡང་གནོད་འཚེ་ཐོན་སར་གཅིག་རྗེས་གཉིས་མཐུད་ངང་འབྱོར་ནས་ལམ་བུ་གཤོང་བ་དང་། དངོས་ཟོག་བརྒྱུད་འདྲེན། འཁྱིལ་ཆུ་གཤོང་བ། ཞོར་ཐོན་གནོད་འཚེ་ཐོན་རྒྱུ་སྔོན་འགོག་སོགས་ཀྱི་རོགས་སྐྱོབ་ལས་དོན་སྤེལ་བ་རེད།
          དྲག་ཆས་ཉེན་རྟོག་ཆུ་གློག་དཔུང་སྡེས་གནོད་འཚེ་ཐོན་ས་དང་ཐག་ཉེ་བའི་ཁྲེང་ཏུར་བཅའ་སྡོད་དྲག་ཆས་ཉེན་རྟོག་ཆུ་གློག་ཉིང་ལག་རུ་ཁག་དགུ་པ་དང་ཁྲུང་ཆིང་དུ་བཅའ་སྡོད་དྲག་ཆས་ཉེན་རྟོག་ཆུ་གློག་ཉིང་ལག་རུ་ཁག་བརྒྱད་པ་ནས་འཕྲལ་སྡོམ་ཉེན་སེལ་རུ་འབྲིང་6སྐོང་འཐེན་བྱས་ཤིང་། དཔོན་དམག་500ཡིས་སྒྲིག་ཆས་180ལྷག་ཙམ་འཁྱེར་ནས་གནོད་འཚེ་ཐོན་སར་བསྐྱོད་པ་རེད། མིག་སྔར། དྲག་ཆས་ཉེན་རྟོག་ཆུ་གློག་ཉིང་ལག་རུ་ཁག་དགུ་པའི་རོགས་སྐྱོབ་དཔོན་དམག་260གནོད་འཚེ་ཐོན་སར་འབྱོར་ནས་ཡུལ་དེའི་སྲིད་གཞུང་དང་འབྲེལ་བ་བྱས་ཏེ་རོགས་སྐྱོབ་ཇུས་གཞིའི་སྐོར་ལ་གྲོས་བསྡུར་བྱེད་བཞིན་ཡོད།
          གསར་འགོད་པས་གསར་འགྱུར་མ་སྤེལ་བར་དྲག་ཆས་ཉེན་རྟོག་སི་ཁྲོན་སྤྱི་ཁྱབ་རུ་ཁག་དང་དྲག་ཆས་ཉེན་རྟོག་གསེར་འདོན་དང་། ཆུ་གློག འགྲིམ་འགྲུལ་བཅས་ཀྱི་བཀོད་འདོམས་པུས་གནོད་འཚེ་ཐོན་སར་མཉམ་འབྲེལ་མདུན་སྐྱོད་བཀོད་འདོམས་སུའོ་བཙུགས་ཡོད། དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་དཔུང་སྡེས་སྤྱི་ལེ་བཅུ་གཉིས་ཡོད་པའི་རི་ཉིལ་སར་བསྐྱོད་པའི་ལམ་བུ་ཤར་གཏོང་བྱས་པ་དང་སྤྱི་ལེ་གཉིས་ཡོད་པའི་འཁྱིལ་ཆུ་གཤོང་ལམ་བཟོས་པ་རེད། དྲག་ཆས་ཉེན་རྟོག་སི་ཁྲོན་སྤྱི་ཁྱབ་རུ་ཁག་དང་དྲག་ཆས་ཉེན་རྟོག་ཆུ་གློག་སྤྱི་ཁྱབ་རུ་ཁག་གསུམ་པས་ཁྱོན་བསྡོམས་དམག་མི་320དང་འཕྲུལ་ཆས་39བཀོད་སྒྲིག་བྱས་ནས་གནོད་འཚེ་ཐོན་ཁུལ་དུ་བསྐྱོད་བཞིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།