འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།གཙང་གསུམ་ཆུ་འགོའི་ནགས་ཚལ་གྱི་སྡོང་ཐུང་ཁུལ་དུ་གསའ་ཕྲུག་ཡོད་པ་ཤེས་རྟོགས་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་26ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཚན་རིག་ཞིབ་འཇུག་མི་སྣས་འབྲི་ཆུའི་ཆུ་འགོའི་ས་ཁུལ་དུ་གནས་པའི་ནགས་ཚལ་སྡོང་ཐུང་ཁུལ་ནས་གསའ་ཕྲུག་ཞིབ་དཔྱད་ཚད་ལེན་ཐུབ་པ་དང་སྲོག་ཆགས་དེ་རིགས་ཕལ་ཆེ་བ་རི་མཐོའི་བྲག་སྟེང་དུ་འཚོ་སྡོད་དང་སྐྱེ་འཕེལ་བྱེད་ཀྱི་ཡོད་ཅིང་། ད་ཐེངས་ཤེས་རྟོགས་ཐུབ་པ་དེས་འབྲེལ་ཡོད་སྣོད་བཅུད་ཚན་ཞིབ་ཐད་རིན་ཐང་གལ་ཆེན་ལྡན་ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན། ཚེས་15ཉིན་གྱི་དགོང་མོ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་སྒ་སྟོད་ཤང་གི་འབྲོག་པ་སྣོད་བཅུད་བདག་སྐྱོང་པ་ཚེ་རིང་རྒྱ་མཚོས་རི་སྐོར་རྒྱག་སྐབས་གསའ་ཕྲུག་2མཐོང་བ་དང་བཟོ་ལྟར་བལྟས་ཚེ་དེ་ནི་སྐྱེས་མ་ཐག་ཡིན་ལ་ཚང་ལ་ཁེབས་གང་ཡང་མེད་པ་མ་ཟད་གསའ་ཕྲུག་དེ་གཉིས་ཀྱི་ཨ་མའང་མཐོང་རྒྱུ་མེད་པ་རེད། གསའ་ཕྲུག་དེ་གཉིས་པོའི་བདེ་འཇགས་གང་འདྲ་ཡོང་མིན་མི་ཤེས་པའི་ཁར་ས་ཆ་དེ་གར་དེ་གོང་འབྲེལ་ཡོད་ཞིབ་དཔྱད་ཚད་ལེན་གྱི་ཟིན་ཐོ་གང་ཡང་མེད་སྟབས་ཚེ་རིང་རྒྱ་མཚོས་དེ་མ་ཐག་གནས་ཚུལ་དེ་ཤང་སྲིད་གཞུང་ལ་སྙན་སེང་ཞུས་པ་རེད།
         ཁྲི་འདུ་རྫོང་རིག་གནས་ཅུས་ཀྱི་ཅུས་ཀྲང་གཞོན་པ་རིན་ཆེན་ཉི་མས་ཚེས་16ཉིན་གྱི་ཐོ་རེངས་སུ་ཚན་ཞིབ་མི་སྣ་དང་དེ་བཞིན་ཁྲི་འདུ་རྫོང་གི་འབྲེལ་ཡོད་ལས་དོན་མི་སྣ་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱེད་པར་བསྐྱོད་པ་དང་དབྱེ་ཞིབ་བྱས་པ་བརྒྱུད་གསའ་ཕྲུག་གཉིས་པོ་སྐྱེས་ནས་ཟླ་ཕྱེད་ཙམ་འགྲོ་གི་ཡོད་པ་མ་ཟད། གཟུགས་གཞི་ཐང་པོ་ཡོད་པ་དང་དེའི་ཚང་གི་མཐིལ་ངོས་སུ་གནའ་བའི་རིལ་མ་བཏིང་ནས་བཞའ་ཚན་འགོག་པ་དང་དྲོད་སྲུང་ཐུབ་ཀྱི་ཡོད་སྟབས་བདག་ཡོད་ཅིག་ཡིན་པ་བརྡར་ཤ་རགས་ཙམ་བཅད་པ་རེད།
         “དེས་ན་དོ་སྣང་བྱེད་དགོས་པ་ཞིག་ནི་ཚང་དེའི་ས་ཁམས་གནས་ཚུལ་དེ་ནི་ཚན་ཞིབ་མི་སྣས་སྲོག་ཆགས་དེ་རིགས་ལ་ངོས་འཛིན་ཐུབ་པའི་སྲོལ་རྒྱུན་བྱ་སྤྱོད་དང་མཐུན་གྱི་མེད”ཅེས་བརྟག་ཞིབ་ནང་ཞུགས་པའི་པེ་ཅིང་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱི་ལས་དོན་མི་སྣ་ཀྲའོ་ཞང་གིས་བཤད་པ་རེད།
         གསའ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཀྱི་ཁོངས་སུ་གཏོགས་པ་དང་བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། འཛམ་གླིང་ཐོག་ད་ཡོད་གསའི་གྲངས་འབོར་5000ཙམ་ཟིན་པ་དང་སྟོངས་ལ་ཉེ་བའི་སྲོག་ཆགས་གྲས་སུ་བཅུག་ཡོད། སྲོག་ཆགས་དེ་རིགས་ནི་སྤྱིར་ན་ཟླ་5པར་ཕྲུ་གུ་སྐྱེ་བ་དང་མངལ་ཆགས་ཐེངས་རེར་2ནས་3བར་ཆགས་ཀྱི་ཡོད་ཅིང་། མཚོ་སྔོན་ཞིང་ཆེན་གྱི་ས་ཁོངས་ནང་གི་འབྲི་ཆུའི་ཆུ་འགོའི་ས་ཁུལ་དེ་ནི་མིག་སྔར་རིག་གཞུང་ལས་རིགས་ཀྱིས་འཛམ་གླིང་གི་གསའ་འཚོ་སྡོད་བྱེད་མང་ཤོས་ཀྱི་ས་ཁོངས་གྲས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།