འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་གྲོང་ཚོ་ཚང་མར"གྲོང་ཚོའི་ཉེན་རྟོག་པ"ཡོད་པས་ཞིང་འབྲོག་ཁུལ་གྱི་བདེ་
    འཇགས་ཀྱི་ཞན་ཆ་གསབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་26ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ནས་ཤེས་རྟོགས་བྱུང་གསལ། ཉེ་ཆར། མཚོ་སྔོན་གྱིས་གྲོང་ཚོའི་ཉེན་རྟོག་པ་4596བསྡུས་ནས་ཞིང་འབྲོག་ཁུལ་ཡོངས་ཀྱི་འཐབ་ས་དང་པོ་སྲ་བརྟན་དུ་བཏང་སྟེ་གྲོང་ཚོའི་ཉེན་རྟོག་པའི་ཉེན་རྟོག་ཞབས་ཞུ་གྲོང་ཚོ་རིམ་པ་ཚང་མར་ཁྱབ་པ་བྱས་པ་རེད།
         “གྲོང་ཚོའི་ཉེན་རྟོག་པའི”ལས་ཀའི་ལམ་ལུགས་ལ་སྐུལ་སྤེལ་གཏོང་རྒྱུ་ནི་མཚོ་སྔོན་ཞིང་ཆེན་གྱིས་གཞི་རིམ་སྤྱི་ཚོགས་ཀྱི་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་གནད་དོན་མངོན་གསལ་དོད་པོ་སེལ་བའི་གསར་གཏོད་ཀྱི་བྱ་ཐབས་ཤིག་རེད། མཚོ་སྔོན་དུ“ས་ཚིགས་མང་བ་དང་། ལམ་ཐག་རིང་བ། རྒྱ་ཁྱོན་ཆེ་བ། མི་སྣ་གནས་སྡོད་ཁ་ཐོར་ཡིན་པ”སོགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་པར་བརྟེན་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་མི་རེས་ཆ་སྙོམས་སྤྱི་ལེ་ངོས་གྲུ་284ལ་དོ་དམ་བྱེད་དགོས་ཀྱི་ཡོད་པ་དང་། གྲོང་གསེབ་དང་འབྲོག་ཁུལ་གྱི་བདེ་འཇགས་ལས་དོན་ལ་ཁོངས་གཏོགས་ཁུལ་གྱི་རྒྱ་ཁྱོན་ཆེ་བ་དང་ཁྲིམས་ལྟར་གྱོད་དོན་ཐག་གཅོད་ཀྱི་མ་གནས་མཐོ་བ་སོགས་ཀྱི་གནད་དོན་རྒྱ་ཁབ་ངང་འཕྲད་ཡོད། དེར་བརྟེན་2015ལོར་མཚོ་སྔོན་གྱིས་སྤྱི་བདེའི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་གོ་སྐབས་སུ་བྱས་ནས“གྲོང་ཚོའི་ཉེན་རྟོག་པའི”ལས་དོན་ལ་བརྟེན་ནས་ཉེན་རྟོག་པའི་སྟོབས་ཤུགས་གཤམ་འོག་ཏུ་གཏོང་རྒྱུར་སྐུལ་མ་བཏང་སྟེ་སྤྱི་ཚོགས་ཀྱི་བདེ་འཇགས་སྔོན་འགོག་ཚོད་འཛིན་མ་ལག་བསྐྲུན་རྒྱུ་འཐུས་སྒོ་ཚང་དུ་བཏང་ཡོད།
         མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་གི་ཐིང་ཀྲང་གཞོན་པ་ཀླུ་འབུམ་རྒྱལ་གྱིས་ཉེ་བའི་ལོ་གཉིས་རིང་གསར་དུ་བསྡུས་པའི་གྲོང་ཚོའི་ཉེན་རྟོག་པར་བརྒྱུད་རིམ་ལྡན་པའི་གསོ་སྦྱོང་དང་ལས་གནས་ཐོག་བསྐྱོད་པའི་དཔྱད་ཞིབ་བྱས་པ་བརྒྱུད་གཞི་རིམ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པར་གཞོགས་འདེགས་བྱས་ནས་སྤྱི་ཚོགས་ཀྱི་བདེ་འཇགས་སྔོན་འགོག་ཚོད་འཛིན་དང་། ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག ཆ་འཕྲིན་བསྡུ་རུབ་འཚོལ་བསྡུ། ད་ཡོད་ཀྱི་མི་འབོར་དོ་དམ། འགལ་བ་གྲལ་བཤེར་བར་འདུམ། མང་ཚོགས་ལ་འབྲེལ་གཏུག་ཞབས་ཞུ་སོགས་ཀྱི་སྤྱི་བདེའི་རྨང་གཞིའི་ལས་དོན་ནང་ཕྱོགས་ཡོངས་ནས་ཞུགས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         བསྡོམས་རྩིས་ལ་གཞིགས་ན། མིག་སྔར།“གྲོང་ཚོའི་ཉེན་རྟོག་པས”ཉེས་དོན་གྱོད་གཞི་ཁག་356དང་། བདེ་འཇགས་ཀྱི་གྱོད་གཞི་ཁག་3023 རང་བྱུང་གནོད་འཚེའི་ལས་འཛོལ་ཁག་167བཅས་ཀྱི་སྙན་ཞུར་རམ་འདེགས་བྱས་པ་དང་འགལ་བ་དང་རྩོད་གཞི་ཁག་10262འདུམ་འགྲིག་བྱེད་རོགས་བྱས་ནས་སྤྱི་བདེའི་རྨང་གཞིའི་ལས་དོན་ལ་ཤུགས་སྣོན་རྒྱག་ཆེད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།