འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅༎ཀྲུང་སི་རྒྱལ་ཁབ་གཉིས་པོའི་ཆུ་བེད་རྣམ་གྲངས་མཉམ་ལས་ལས་དམངས་ཚོགས་ལ་ཕན་པ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་26ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། སི་རི་ལན་ཁའི་ཆུ་འདྲེན་དང་ཆུའི་ཐོན་ཁུངས་དོ་དམ་པུའི་དཔོན་རིགས་ཨ་ལི་ཡཱ་ལ་ཐེ་ནཱ་ཡིས་ཉིན་ཤས་གོང་དུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། མིག་སྔར། ཀྲུང་གོ་དང་སི་རི་ལན་ཁས་མཉམ་ལས་བྱས་ནས་བསྐྲུན་ཟིན་པ་དང་སྐྲུན་བཞིན་པའམ་འཆར་འགོད་ཁྲོད་ཀྱི་ཆུ་བེད་མཉམ་ལས་རྣམ་གྲངས་རབ་དང་རིམ་པ་ལས་སི་རི་ལན་ཁའི་ཆུའི་ཐོན་ཁུངས་ཁྱབ་འགྱེད་དོ་སྙོམས་མེད་པ་དང་ཆུ་ལོག་གནོད་འཚེ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་ཕན་ཐོགས་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་མངོན་ཡོད་ཅེས་བཤད།
         ཨ་ལི་ཡཱ་ལ་ཐེ་ནཱ་ཡིས། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་དང་གནོད་འཚེ་ཆེ་བའི་གནམ་གཤིས་དོན་རྐྱེན་ཇེ་མང་དུ་འགྲོ་བ་དང་བསྟུན་ནས་སི་རི་ལན་ཁར་དེ་བས་ཚབས་ཆེ་བའི་ཆུ་ལོག་དང་ཐན་སྐྱོན་གྱི་གནོད་འཚེ་འཕྲད་བཞིན་ཡོད། ཁོར་ཡུག་བཅོས་སྐྱོང་གནད་དོན་ལ་མཐོང་ཆེན་བྱེད་པ་དང་དུས་མཚུངས། སི་རི་ལན་ཁས་ངེས་པར་དུ་ཆུ་བེད་ལས་གྲྭ་ཆེ་གྲས་འཛུགས་སྐྲུན་ལ་ཤུགས་སྣོན་སྔར་བས་རྒྱག་དགོས་ཅེས་བརྗོད།
         ཀྲུང་གོ་བཟོ་ལས་རྒྱལ་སྤྱི་ཀུང་སིས་བསྐྲུན་འགན་འཁུར་བའི་སི་རི་ལན་ཁ་དབུས་བྱང་རྒྱུད་ཀྱི་གཙང་ངོགས་ཞིང་ལས་ཆུ་འདྲེན་རྣམ་གྲངས་འདི་ལོའི་ལོ་འགོར་ལས་གྲྭ་ཨ་མ་བསྐྲུན་ཟིན་པ་དང་། སྤྱིའི་རིང་ཚད་ལ་སྤྱི་ལེ་5.9ཡོད་པའི་གཙང་བཀག་ཆུ་འདྲེན་ཆུ་རགས་ཀྱི་ཆུ་འདྲེན་མ་ལག་གིས་ས་གནས་དེ་གའི་ཐན་དུས་སུ་ཆུ་དཀོན་པའི་གནད་དོན་ཞི་ལྷོད་དུ་བཏང་ནས་སི་རི་ལན་ཁ་དབུས་བྱང་རྒྱུད་ཉེ་འཁོར་གྱི་ཞིང་ལས་ཆུ་འདྲེན་དང་འཚོ་བའི་སྤྱོད་ཆུའི་དགོས་མཁོ་སྐོང་ཐུབ་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་སི་རི་ལན་ཁའི་བསྐྲུན་ཟིན་པ་དང་སྐྲུན་བཞིན་པའམ་ཡང་ན་བསྐྲུན་རྩིས་ཡོད་པའི་ཆུ་བེད་རྣམ་གྲངས་ཆེ་གྲས་ཚང་མར་ཀྲུང་གོའི་མ་འཇོག་དང་ཀྲུང་གོའི་ཀུང་སི་ཞུགས་ཡོད་པ་རེད། རྣམ་གྲངས་དེ་དག་ལས་ས་གནས་དེ་གའི་མི་དམངས་ཀྱི་འཚོ་བའི་ཚད་གཞི་ལེགས་སུ་ཏན་ཏིག་བཏང་བ་མ་ཟད། ཞིང་ལས་ཐོན་སྐྱེད་ནུས་པ་ཡང་ཆེ་རུ་བཏང་བ་དང་སྦྲགས། དཔལ་འབྱོར་གྱི་ཕན་ནུས་དེ་བས་མང་བ་བཏོད་ཡོད་པ་རེད། སི་རི་ལན་ཁའི་དབུས་བྱང་རྒྱུད་ཀྱི་མཱ་ཧཱ་ཝུའེ་ལི་གཙང་པོ་རྒྱུག་ཁུལ་དུ་ཀྲུང་གོའི་ཀུང་སིས་སྐྲུན་འགན་འཁུར་བའི་མོའོ་ལེ་ཀེ་ཧཱ་ཁེན་ཏ་(ཆུ་རགས་M)ཆུ་མཛོད་ཀྱི་རྣམ་གྲངས་འདི་ལོའི་ལོ་སྟོད་དུ་བསྐྲུན་ཟིན་པ་དང་། རྣམ་གྲངས་དེས་སི་རི་ལན་ཁ་དབུས་བྱང་རྒྱུད་ཀྱི་ཚབས་ཆེ་བའི་ཐན་ཁུལ་གྱི་ཞིང་ལས་ཐོན་སྐྱེད་ནུས་པ་ཆེ་རུ་ཏན་ཏིག་བཏང་ནས་བདེ་འཇགས་ལྡན་པའི་འཚོ་བའི་སྤྱོད་ཆུ་དང་བཟོ་ལས་སྤྱོད་ཆུ་མཁོ་འདོན་བྱེད་ཐུབ་ལ། ས་གནས་དེ་གའི་གྲོང་མིའི་གློག་སྤྱོད་ཆ་རྐྱེན་ཡང་ལེགས་སུ་གཏོང་ཐུབ་རྒྱུ་རེད།
         ཨ་ལི་ཡཱ་ལ་ཐེ་ནཱ་ཡིས། "རྒྱུད་གཅིག་ལམ་གཅིག"ནི་དཔལ་འབྱོར་ཉོ་ཚོང་འགྲོ་འོང་གི་སྦྲེལ་མཐུད་ཙམ་མིན་པར་ལམ་རྒྱུད་རྒྱལ་ཁབ་ཀྱི་དམངས་སེམས་སྦྲེལ་མཐུད་ཀྱང་ཡིན། ཀྲུང་སི་རྒྱལ་ཁབ་གཉིས་པོས་མཉམ་ལས་བྱས་པའི་ཆུ་བེད་རྣམ་གྲངས་ཆེ་གྲས་ནི་དངོས་དངོས་རྗེན་རྗེན་གྱི་དམངས་སེམས་ལས་གྲྭ་ཞིག་རེད་ལ། མཐར་གཏུག་གི་ཁེ་ཕན་ཐོབ་མཁན་ཡང་རྒྱ་ཆེའི་དམངས་ཚོགས་ཡིན་པས། སི་རི་ལན་ཁ་སྲིད་གཞུང་དང་མི་དམངས་ཀྱིས་ཀྲུང་གོའི་རོགས་རམ་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། དེ་ནི་རྒྱལ་ཁབ་གཉིས་པོའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ཀྱི་མངོན་ཚུལ་ཞིག་ཀྱང་རེད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།