འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།སྦྲ་གུར་ལས་ཕ་ཡུལ་དྲན་སེམས་མཚོན་པ།

    —— སི་ཁྲོན་བོད་རིགས་ས་ཁུལ་གྱི་སྦྲ་གུར་ལས་བྱུང་བའི་འགྱུར་ལྡོག

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་01ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         དུས་རབས་ཁ་ཤས་རིང་སྦྲ་གུར་ནི་མཚོ་བོད་ས་མཐོའི་བོད་རིགས་འབྲོག་པའི་མཁོ་ཆས་ཤིག་ཡིན། རྩིད་པ་ལས་བཏགས་པའི་སྦྲ་གུར་གྱིས་འབྲོག་མི་ཚོར་དྲོ་སྐྱིད་ལྡན་པའི་མཚན་ཞག་དུ་མ་སྦྱིན་ཡོད།
         འོན་ཀྱང་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་ཕྱིན་པ་དང་བསྟུན་ནས་སྦྲ་གུར་དེ་མཁོ་ཆས་ཤིག་ནས་རིག་གནས་མཚོན་རྟགས་ཤིག་ཏུ་གྱུར་བ་དང་ཕ་ཡུལ་དྲན་སེམས་མཚོན་པའི་གཞི་རྟེན་ཞིག་ཏུ་གྱུར་ཡོད།
         “འབྲོག་པ་གཞིས་ཆགས་བྱས་པ་ནས་བཟུང་། སྦྲ་གུར་ནང་སྡོད་དགོས་ཀྱི་མེད། སྲིད་གཞུང་གིས་ཁོང་ཚོར་ཁང་པ་བསྐྲུན་ནས་འཚོ་བའི་ཆ་རྐྱེན་དེ་སྔ་ལས་ལེགས་སུ་ཕྱིན་སོང”ཞེས་སི་ཁྲོན་ཧུང་ཡོན་རྫོང་གི་བོད་རིགས་འབྲོག་པ་ཚེ་དཔལ་རྒྱལ་གྱིས་བཤད།
         ཚེ་དཔལ་རྒྱལ་གྱིས་འབྲོག་པའི་རིག་གནས་མཚོན་པའི་ལས་གཏོད་ཀོག་ཧྥེ་འཐུང་ས་ཞིག་བཙུགས་ཡོད། ཀོག་ཧྥེ་འཐུང་ས་དེས་ད་དུང་འབྲི་གཡག་བཟོ་ལྟའི་གློག་ཆས་དང་ལྕི་བའི་དབྱིབས་ཀྱི་སྦྱར་ཤོག་ཚོང་གི་ཡོད། གྱང་ཐོག་ཏུ་མེས་པོས་སྤྱོད་པའི་གཟར་རུ་དང་ཤིང་སྒམ་སོགས་བཀལ་ཡོད། ཀོག་ཧྥེ་འཐུང་ས་དེའི་མིང་ལའང་སྦྲ་གུར་ཞེས་བཏགས་ཡོད།
         སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཧུང་ཡོན་རྫོང་ནས་ཡིན་པའི་ཚེ་དཔལ་རྒྱལ་གྱི་ཕ་ཡུལ་དུ་སྦྲ་གུར་དེ་རྒྱུན་གཏན་གྱི་འཚོ་བའི་མཁོ་ཆས་ཙམ་མིན།
         ཧུང་ཡོན་རྫོང་གི་བསོད་ནམས་སྲི་ཐར་ལ་རིག་གནས་འགྲེམས་སྟོན་ཐད་སྤྱོད་པའི་སྦྲ་གུར་ཞིག་ཡོད་པ་དང་དེའི་ནང་བོད་ཇ་དང་ནས་ཆང་གི་དྲི་ཞིམ་འཐུལ་གྱི་ཡོད། ཁྲུང་ཆིང་དང་ཁྲེང་ཏུའུ་ནས་ཡིན་པའི་ཡུལ་སྐོར་བས་ཁོང་གི་འགྲམ་དུ་བསྡད་དེ་འབྲོག་པའི་འཚོ་བ་སྐྱེལ་སྟངས་ཟབ་ནན་ངང་ཉན་བཞིན་ཡོད། འོན་ཀྱང་བསོད་ནམས་སྲི་ཐར་ནི་སྔ་ས་ནས་ཐོག་བརྩེགས་ཁང་པའི་ནང་སྤོས་ཡོད།
        ལོ་བཞིའི་གོང་མཛོད་དགེའི་འདམ་ར་དང་རྩྭ་ཐང་གིས་འཁོར་འཁྲིད་ཡུལ་སྐོར་བྱེད་མཁན་མང་པོའི་ཡིད་དབང་བཀུག་པ་མཐོང་རྗེས་བསོད་ནམས་སྲི་ཐར་གྱིས་བསམ་བློ་ཡང་ཡང་བཏང་ནས་ཁྱིམ་གྱི་འབྲི་གཡག་བརྒྱ་གྲངས་བཙོངས་པའི་དངུལ་དེས་ཕ་ཡུལ་དུ“བོད་ཁྱིམ་སྤྲོ་སྐྱིད་ཁང”ཞིག་བཙུགས་པ་རེད། ད་ལྟ་ཁོང་གིས་ཆེད་མངགས་སི་ཁྲོན་ནུབ་བྱང་གི་རྩྭ་ཐང་སྐོར་བའི་འཁོར་འཁྲིད་ཡུལ་སྐོར་བར་སྣེ་ལེན་ཞུས་ནས་གཡག་བཞོན་པ་དང་། སྒར་སྡོད། བཟའ་བཏུང་སོགས་ཀྱི་ཞབས་ཞུ་བྱེད་ཀྱི་ཡོད།
         བསོད་ནམས་སྲི་ཐར་གྱིས་མ་རྩ་སྒོར་ཁྲི་200བཏང་བའི་བོད་ཁྱིམ་སྤྲོ་སྐྱིད་ཁང་དེ་2013ལོར་དངོས་སུ་ལས་གཉེར་བྱས་པ་ནས་བཟུང་ལོ་ལྟར་ཡོང་འབབ་མི་དམངས་ཤོག་སྒོར་ཁྲི་བཅུ་གྲངས་ཡོད་པ་དང་མང་ཤོས་སྐབས་སུ་ལོར་སྒོར་ཁྲི་50ཡོད། ཟླ་དྲུག་པ་ནས་བདུན་པའི་ཟླ་མཇུག་བར་ཡུལ་སྐོར་བ་བརྒྱ་གྲངས་བསོད་ནམས་སྲི་ཐར་གྱི་བོད་ཁྱིམ་སྤྲོ་སྐྱིད་ཁང་དུ་ཡོང་གི་ཡོད། ད་ཆ་ཧུང་ཡོན་རྫོང་སྦྲ་ཆེན་གྲོང་རྡལ་དུ་དུད་ཚང་བཅུ་གྲངས་གིས་ཁོང་ལྟར་ཡུལ་སྐོར་སྣེ་ལེན་ལས་ལ་གཞོལ་བཞིན་ཡོད།
         ཡུལ་སྐོར་ལས་རིགས་དེ་སྔ་ས་ནས་འབྲོག་པའི་ཡོང་འབབ་ཡོང་ཁུངས་གལ་ཆེན་དུ་གྱུར་ཡོད། 2016ལོའི་ཟླ་དང་པོ་ནས་བཅུ་པའི་བར་སི་ཁྲོན་བོད་རིགས་ས་ཁུལ་གྱི་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་བྱུང་ནས་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་422.08ཟིན་པ་དེ་དུས་མཚུངས་ལས་17.4%འཕར་ཡོད། ཡུལ་སྐོར་བ་མི་ཐེངས་ཁྲི་4774.96ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་16.3%འཕར་ཡོད། དུས་ཆེན་འཆར་རིམ་བཞིན་རྩྭ་ཐང་ལམ་རྒྱུད་ཀྱི་གཞུང་ལམ་ཐོག་གྲོང་ཁྱེར་ཆེ་གྲས་ཁག་ནས་ཡོང་བའི་སྒེར་འཁོར་དང་ཡུལ་སྐོར་རླངས་འཁོར་གྱིས་ཁེངས་ཀྱི་ཡོད།
        ཚེ་དཔལ་རྒྱལ་གྱིས་འཚོ་བ་ལ་འགྱུར་ལྡོག་ཇི་འདྲ་སོང་ནའང་སྦྲ་གུར་དེ་སྔར་བཞིན་བོད་རིགས་འབྲོག་པའི་རྩ་བ་ཡིན་པ་དང་སླད་ཕྱིན་ང་ཚོར་གསར་གཏོད་ཀྱི་བློ་རིག་དེ་བས་མང་བ་སྦྱིན་ཐུབ་ངེས་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།