འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ལིང་ཐུའོ་གྲོང་ཚོའི་ལི་ཤིང་མེ་ཏོག་གི་དཔལ་འབྱོར།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ཅིང་ཅིང་གིས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་01ཉིན། 11:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         དབྱར་ཁ་ཤར་མ་ཐག་པའི་དུས་སུ་ལིང་ཐུའོ་གྲོང་ཚོའི་ལི་ཤིང་སྡོང་རྒན་སྟོང་ཕྲག་ཁ་ཤས་ལ་དུས་ཐོག་ལ་མེ་ཏོག་རབ་ཏུ་བཞད་པ་དང་བསྟུན་ནས་རི་ལུང་ཀུན་ཏུ་ཁྱབ་པའི་ལི་ཤིང་སྡོང་པོའི་མེ་ཏོག་དཀར་པོ་དག་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་ཏུ་གྱུར། དེ་སྔའི་དུད་ཚང་དབུལ་པོ་ཀྲང་མེ་ཐང་གི་ཆུང་མས་དགའ་དགའ་སྤྲོ་སྤྲོའི་ངང་ཞིང་པའི་སྤྲོ་སྐྱིད་ཁང་གཉེར་སྐྱོང་ལ་གཞོལ་བཞིན་ཡོད་ཅིང་། ཁོང་གིས་ན་ནིང་གཉེར་བའི“ལི་ཤིང་མེ་ཏོག་དུས་ཆེན”ལས་ང་ཚོའི་ཁྱིམ་ལ་ཡོང་འབབ་སྒོར་3000ལྷག་ཙམ་བྱུང་བ་དང་། འདི་ལོའི“ལི་ཤིང་མེ་ཏོག་དུས་ཆེན”རིང་ཡོང་འབབ་དེ་བས་མང་བ་གསོག་ཐུབ་རྒྱུའི་རེ་བ་ཡོད་ཅེས་བརྗོད།
          ལིང་ཐུའོ་གྲོང་ཚོ་གནས་ཡུལ་ཧྲན་ཤིས་ཞིང་ཆེན་ཁྲང་ཀྲི་གྲོང་ཁྱེར་ཝུའུ་ཤང་རྫོང་དེ་ཉིད་རི་བོ་ཐའེ་ཧང་ཧྲན་གྱི་ནུབ་འདབས་སུ་གནས་ཤིང་། རི་འགོག་དམག་འཁྲུག་དུས་སུ་དམག་སྡེ་བརྒྱད་པའི་སྤྱི་ཁྱབ་པུའུ་དང་ཀྲུང་གུང་ཀྲུང་དབྱང་བྱང་ཕྱོགས་ཅུས་སོགས་ཀྱི་འགོ་ཁྲིད་ལས་ཁུངས་ཝུའུ་ཤང་དུ་བཅའ་སྡོད་བྱེད་མྱོང་ཡོད་པ་རེད། སྐབས་དེ་དུས་མི་ཁྲི་14ལས་མེད་པའི་རྫོང་ཆུང་ཆུང་དེར་མི་ཁྲི་9ལྷག་ཙམ་རི་འགོག་ཚོགས་པ་སྣ་ཚོགས་ནང་ཞུགས་པ་དང་། མི་ཁྲི་2ལྷག་ཙམ་གྱིས་རྒྱལ་ཁབ་ཆེད་དུ་རང་སྲོག་ལེགས་སྐྱེས་སུ་ཕུལ་ཡོད་པ་རེད། གཟི་བརྗིད་ཀྱི་གསར་བརྗེའི་སྲོལ་རྒྱུན་ལྡན་པའི་རི་འགོག་དམག་འཁྲུག་གི་རྟེན་གཞིའི་ཁུལ་རྙིང་པ་དེ་ནི་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་ཞིག་ཡིན་པ་རེད།
         དབུལ་སྒྲོལ་འགག་སྒྲོལ་བྱེད་རྒྱུ་ནི་བར་སྐབས་ཤིག་རིང་གྲོང་ཚོ་དེའི་དོན་ཆེན་དང་ལས་འགན་ཨང་དང་པོར་གྱུར་ཞིང་། ཉེ་ལམ་ལོ་ཤས་རིང་ཝུའུ་ཤང་རྫོང་ཧྲང་སི་ཤང་ལིང་ཐུའོ་གྲོང་ཚོས་འདེབས་འཛུགས་གསོ་ཚགས་ལས་རིགས་དང་། འཕྲིན་ཚོང་། གྲོང་གསེབ་ཀྱི་ཡུལ་སྐོར་བཅས་འཕེལ་རྒྱས་བཏང་བ་བརྒྱུད་2016ལོར་གྲོང་ཚོ་ཧྲིལ་པོ་དབུལ་སྒྲོལ་ཐུབ་ཡོད་པ་རེད།
         ལིང་ཐུའོ་གྲོང་ཚོ་ནི་དཔེ་མཚོན་གྱི་རི་མ་ཐང་ཡིན་པ་དང་། དེ་ཁུལ་དུ་རི་བོ་མཐོ་ལ་གྲོག་རོང་གཡང་གཟར་ཆེ་བས་གཞན་དང་མི་འདྲ་བའི་ཐོན་ཁུངས་ཀྱི་ལེགས་ཆ་ལྡན་པ་སྟེ། དེ་ཁུལ་ནི་ཧྲན་ཤིས་ཞིང་ཆེན་གྱི་སྤུས་ལེགས་ཁྲེ་ཡི་ལྟེ་བའི་ཐོན་ཁུལ་དང་ཧྲན་ཤིས་ཀྱི་ལི་སེར་ཆེན་ཐོན་ཁུལ་གྲོང་ཚོ་གཙོ་བོ་དེ་ཡིན་པ་རེད།
         གྲོང་ཚོའི་ཧྲུའུ་ཅི་ཧྲི་ཞའོ་པིན་གྱིས་དེ་ཁུལ་གྱི་མི་སེར་ཚོས་དོ་སྣང་དེ་ཙམ་མི་བྱེད་པའི་ལི་སེར་ཆེན་ལ་སྦགས་བཙོག་མེད་ལ་བྲོ་བ་ཞིམ་པའི་དམིགས་བསལ་རིན་ཐང་ཤེས་རྟོགས་ཐུབ་ཅིང་། ཁོང་གིས་ད་ཆ་གྲོང་ཚོའི་སྤྲོ་གསེང་ཡུལ་སྐོར་འཕེལ་རྒྱས་འགྲོ་བཞིན་ཡོད་པས་ལིང་ཐུའོ་གྲོང་ཚོ་གང་སར་དྲིལ་བསྒྲགས་བྱེད་པ་དང་ཆབས་ཅིག་ཡུལ་སྐོར་བའི་ཡིད་དབང་འགུག་ཐབས་བྱས་ཏེ་དཔྱིད་དུས་སུ་ལི་ཤིང་མེ་ཏོག་ལ་ལྟ་སྐོར་བྱེད་པ་དང་སྟོན་དུས་སུ་ཤིང་ཏོག་ལི་བསྡུ་བའི་བྱེད་སྒོ་སྤེལ་ནས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་བཏང་ཚེ་ལིང་ཐུའོ་གྲོང་ཚོའི་དུད་ཚང་དབུལ་པོར་འབབ་འཕར་ཕྱུག་འགྱུར་ཡོང་ངེས་རེད་ཅེས་བརྗོད།
         ལིང་ཐུའོ་གྲོང་ཚོའི་ལི་སེར་ཆེན་གང་སར་སྐད་གྲགས་ཆོད་པ་བྱེད་ཆེད་ཧྲི་ཞའོ་པིན་གྱིས་ལིང་ཐུའོ་གྲོང་ཚོའི“ལི་ཤིང་མེ་ཏོག་དུས་ཆེན”གཉེར་ནས་ལི་ཤིང་སྡོང་རྒན་ལ་མེ་ཏོག་རབ་ཏུ་བཞད་ནས་ཡུལ་མི་ཚོའི་ཡོང་འབབ་མང་དུ་གཏོང་རྒྱུའི་ཐག་བཅད་པ་རེད།
         “ང་ཚོའི་གྲོང་ཚོའི་ལི་ཤིང་སྡོང་པོར་མེ་ཏོག་བཞད་ནས་ལོ་བརྒྱ་ལྷག་ཙམ་ཕྱིན་སོང་། ཡིན་ནའང་ལི་ཤིང་མེ་ཏོག་ལ་དགའ་པོ་བྱེད་མཁན་ཡོད་པ་ད་དུང་ཐོས་མྱོང་མེད”ཅེས་དང“ཕྱི་ཕྱོགས་ནས་ཡིན་པའི་ལས་བྱེད་པ་ཚང་མས་གྲོང་ཚོའི་གནས་ཚུལ་གསལ་པོ་ཤེས་ཀྱི་མི་འདུག”ཅེས་མང་ཚོགས་ཀྱིས་ལས་བྱེད་པར་དོགས་འཆར་དང་བསམ་ཤེས་མི་བྱེད་པའི་མདུན་དུ་ཧྲི་ཞའོ་པིན་གྱིས་གྲོང་ཚོའི་ལས་བྱེད་པ་དང་མཉམ་དུ་དུད་ཚང་རེ་རེ་བཞིན་དུ་མང་ཚོགས་ལ་བསམ་བློའི་སློབ་གསོ་གཏོང་བར་བསྐྱོད་པ་དང་འབྲེལ་སྣེ་ཁྲིད་དེ་སྒོར་1500བཏོན་ནས་དུད་ཚང་དབུལ་པོར་ལི་ཤིང་སྡོང་པོར་གཡོག་བྱེད་བྱེད་རྒྱུར་མཁོ་བའི་སྨན་ཐུམ་ཉོས་པ་མ་ཟད། ད་དུང་སྒོར་5000གྲབས་གསོག་བྱས་ནས་གྲོང་ཚོའི་རིག་གནས་འགྲེམས་པང་བཟོས་ཡོད་པ་རེད།
         “ཡུལ་གཞན་ནས་ཡོང་བའི་མི”ཧྲི་ཞའོ་པིན་གྱིས་ལི་ཤིང་མེ་ཏོག་དུས་ཆེན་གཉེར་ཆེད་ས་ཕྱོགས་གང་སར་བསྐྱོད་པ་མཐོང་སྐབས་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ཀྲང་ཡུས་ཐང་དང་ལས་བྱེད་པ་གཞན་དག་ཚོས་ཀྱང་གཅིག་རྗེས་གཉིས་མཐུད་ངང་སྣེ་ཁྲིད་ནས་དངུལ་བཏོན་པ་དང་ངལ་རྩོལ་ནང་ཞུགས་པས་ལིང་ཐུའོ་གྲོང་ཚོའི་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་ཡོད་ལ་མི་སེམས་སྔར་ན་མེད་པའི་གཅིག་སྒྲིལ་བྱུང་བ་རེད། དུས་ཚོད་ཟླ་ཕྱེད་ཙམ་ཡང་མ་འགོར་བར་ལིང་ཐུའོ་གྲོང་ཚོའི་ལས་བྱེད་མང་ཚོགས་ཚོས་ལི་ཤིང་སྡོང་པོ་1000གི་པགས་པ་གཞོག་པ་དང་། ལི་ཤིང་ལྡུམ་ར་མུའུ་100བཟོ་བཅོས་བརྒྱབ་པ། བེད་མེད་གད་སྙིགས་སྨི་རྒྱ་དཔངས་གྲུ་བཞི་མ་7000ལྷག་ཙམ་དབོར་འདྲེན་བྱས་ཡོད་ཅིང་། “ཧྲི་ཧྲུའུ་ཅིའི་སྣེ་ཁྲིད་འོག་ང་ཚོའི་གྲོང་ཚོས་ཟླ་ཕྱེད་ཙམ་ལ་ལོ་བཅུ་གྲངས་ཀྱི་ལས་ཀ་བྱས་སོང་། དངོས་གནས་ལས་སླ་པོ་མ་རེད”ཅེས་གྲོང་ཚོའི་རྒན་རྒོན་ཚོས་མཐེ་བོང་སྒྲེང་བཞིན་དེ་ལྟར་བརྗོད།
        གནད་སྨིན་དབུལ་སྐྱོར་གྱི་བརྒྱུད་རིམ་ནང་ལི་ཤིང་མེ་ཏོག་དུས་ཆེན་གྱིས་ཁྱད་ལྡན་ཕན་ནུས་འདོན་སྤེལ་བྱས་པས་ཧྲན་ཤིས་ཞིང་ཆེན་དང་གྲོང་ཁྱེར་གྱི་སྨྱན་སྦྱོར་ཚན་པ་མང་པོ་ཞིག་གིས་དེའི་ཐད་ཀྱི་གནས་ཚུལ་འགོད་སྤེལ་བྱེད་རྒྱུའི་ཡིད་དབང་འཕྲོག་པ་རེད། སྔོན་ཆད་ཆ་རྒྱུས་མེད་པའི་ལིང་ཐུའོ་གྲོང་ཚོ་དེ་ཉིད་དེ་མ་ཐག་དྲ་རྒྱའི་ཐོག་འཚོལ་བཤེར་བྱེད་མང་ཤོས་ཀྱི་ཐ་སྙད་ཅིག་ཏུ་གྱུར་ཡོད་པ་རེད། 2016ལོའི་ཟླ་10པར་ལིན་ཐུའོ་གྲོང་ཚོ་དེ་ཉིད་རྒྱལ་ཁབ་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་དབུལ་སྐྱོར་གཙོ་གནད་རོགས་སྐྱོར་གྲོང་ཚོར་གཏན་འཁེལ་བྱས་པས་གྲོང་གསེབ་ཀྱི་ཡུལ་སྐོར་དེ་ཉིད་ལིང་ཐུའོ་གྲོང་ཚོའི་ཉི་གཞོན་ཐོན་ལས་ཤིག་ཏུ་གྱུར་ཡོད་པ་རེད།
         2017ལོར་སྐབས་གཉིས་པའི་ལིང་ཐུའོ་གྲོང་ཚོའི་ལི་ཤིང་མེ་ཏོག་དུས་ཆེན་གཉེར་རིང་ཁེ་ལས་ཤིག་གིས་དུས་ཆེན་གཉེར་ཡུལ་དུ་སྒོར་ཁྲི་10ཐམ་པའི་ལིང་ཐུའོ་གྲོང་ཚོའི་ཁྲེ་མངགས་ཉོ་བྱས་པས་ལིང་ཐུའོ་གྲོང་ཚོའི་ལི་ཤིང་མེ་ཏོག་དུས་ཆེན་དེ་སླར་ཡང་རིམ་ཁག་སྨྱན་སྦྱོར་ཚན་པའི་དོ་ཁུར་བྱ་ཡུལ་ཞིག་ཏུ་གྱུར་ཡོད་པ་རེད། དེའི་དབང་གིས་ལིང་ཐུའོ་གྲོང་ཚོའི་གྲོང་མིའི་དད་སེམས་དེ་བས་བརྟན་དུ་ཕྱིན་ནས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ལམ་བུ་འཚོལ་ཞིབ་ཐུབ་ཡོད་པ་རེད། བྱ་ཐབས་དེ་མུ་མཐུད་རྒྱུན་འཁྱོངས་བྱས་ཚེ་ལིང་ཐུའོ་གྲོང་ཚོའི་མི་སེར་གྱི་འཚོ་བ་ཉིན་རེ་ལས་ཉིན་རེ་མ་བསྡད་པར་དེ་བས་ལེགས་སུ་འགྲོ་ངེས་རེད།
      

    ཕྱོགས་བསྡུས་གསར་འགྱུར།