འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་མི་རིགས་ཀྱི་རོལ་དབྱངས་དང་ཞབས་བྲོ་གཞི་གྲངས་ཅན་དུ་འཚོལ་བསྡུ་
    དང་སྲུང་སྐྱོང་ཐེངས་དང་པོ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་01ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཀྱི་མི་རིགས་རོལ་དབྱངས་དང་ཞབས་བྲོའི་སྒྱུ་རྩལ་སྲུང་སྐྱོང་དང་རྒྱུན་འཛིན་བྱ་ཆེད། བོད་ལྗོངས་ཀྱིས་ལྗོངས་ནང་གི་ས་གནས་ཁག་ཏུ་བོད་ཀྱི་དམངས་ཁྲོད་རོལ་དབྱངས་དང་། ཕོ་བྲང་རོལ་དབྱངས། བོད་ཀྱི་ལྷ་མོའི་ཟློས་གར། དེ་བཞིན་ཆོས་ལུགས་རོལ་དབྱངས་བཅས་རྒྱུད་རིམ་ལྡན་པའི་སྒོ་ནས་འཚོལ་བསྡུ་དང་ལེགས་སྒྲིག་བྱ་རྒྱུ་ཡིན་ལ། གཞི་གྲངས་ཅན་དུ་འགྱུར་བའང་བྱ་རྒྱུ་མ་ཟད། གདོད་མའི་རྣམ་པའི་བོད་མི་རིགས་ཀྱི་རོལ་དབྱངས་གཞི་གྲངས་བང་མཛོད་ཀྱང་འཛུགས་རྒྱུ་རེད།
         བོད་ལྗོངས་ཐེན་ལི་ཀུང་སིའི་སྤྱི་གཉེར་གཞོན་པ་ཧྲི་ཡུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིར་བོད་ཁུལ་གྱི་རོལ་དབྱངས་དང་ཞབས་བྲོ་སྣ་ཚོགས་འཚོལ་བསྡུ་དང་། འབེབས་ལེན། ལེགས་སྒྲིག་བཅས་དུས་ཡུན་ལོ་4ནས་5བར་བྱས་ནས་གདོད་མའི་རྣམ་པའི་བོད་མི་རིགས་ཀྱི་རོལ་དབྱངས་གཞི་གྲངས་བང་མཛོད་འཛུགས་རྒྱུ་ཡིན་ཞིང་། དེས་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ལས་དོན་ལ་སྐུལ་ཁྲིད་བྱ་རྒྱུ་མ་ཟད། བོད་ཀྱི་ཕུལ་བྱུང་མི་རིགས་རོལ་དབྱངས་ཉམས་ལེན་དང་། གསར་རྩོམ། ཁྱབ་སྤེལ་བཅས་བྱ་རྒྱུ་དང་འགྱུར་སྐྱེས་ཐོན་རྫས་གསར་གཏོད་དང་ཉོ་ཚོང་བྱ་རྒྱུ་སོགས་གཞི་གཅིག་ཏུ་གྱུར་པའི་ཐོན་ལས་ཕྲེང་བ་ཆ་ཚང་བ་ཞིག་འཛུགས་སྐྲུན་བྱ་རྒྱུ་རེད།
         བོད་རང་སྐྱོང་ལྗོངས་རོལ་དབྱངས་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་སྨོན་ལམ་རྡོ་རྗེས"བོད་ལྗོངས་ཀྱི་མི་རིགས་རོལ་དབྱངས་རིག་གནས་ཀྱི་མདུན་དུ་ཕྱི་རོལ་ནས་ཡོང་བའི་རིག་གནས་ཀྱིས་འབུད་འདེད་བྱེད་པ་དང་རང་ཉིད་ཀྱི་རྒྱུན་མཐུད་ངང་འཕེལ་རྒྱས་ཇི་ལྟར་གཏོང་བའི་དཀའ་གནས་རྒྱུན་ཆད་མེད་པར་ལྷགས་པ་དང་། ཐེངས་འདིའི་བྱ་སྤྱོད་ཀྱིས་བོད་ལྗོངས་ཀྱི་མི་རིགས་རོལ་དབྱངས་རིག་གནས་ཕྱོགས་ཡོངས་ནས་གཅིག་བསྡུས་སུ་འགྲེམས་སྟོན་བྱ་རྒྱུ་དེས་བོད་ལྗོངས་ཀྱི་མི་རིགས་རོལ་དབྱངས་རིག་གནས་སྲུང་སྐྱོང་དང་དར་སྤེལ་ནུས་ལྡན་བྱེད་ཐུབ"ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།