འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་འགག་སྒོས་ལོ་ཕྱེད་ནང་བ་སོའི་ཅ་དངོས་ལྐོག་ཚོང་གི་གྱོད་གཞི་13བསྟུད་མར་རྩད་ཆོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་01ཉིན། 11:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་30ཉིན་གསར་འགོད་པར་པེ་ཅིང་འགག་སྒོ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་ཟླ་10པ་ནས་འདི་ལོའི་ཟླ་4པའི་ཟླ་མཇུག་བར་གྱི“རྒྱལ་མཚམས་ཀྱི་རལ་གྲི་རྣོན་པོའི”བྱ་སྤྱོད་སྤེལ་རིང་། པེ་ཅིང་འགག་སྒོ་ལྐོག་འདྲེན་འཛིན་བཟུང་ཅུས་ཀྱིས་བ་སོའི་ཅ་དངོས་ལྐོག་ཚོང་གི་གྱོད་གཞི་13རྩད་ནས་རིམ་རྩིས་བྱས་ན། ལྐོག་ཚོང་བརྒྱབ་པའི་ལྗིད་ཚད་སྤྱི་རྒྱ་59.96ཟིན་པའི་བ་སོ་དང་དེའི་ཅ་དངོས་528ཞིབ་བཤེར་བྱས་ནས་གཞུང་བཞེས་བཏང་བ་རེད།
          2016ལོའི་ཟླ་12ཚེས་30ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《བ་སོ་དང་དེ་བཞིན་དེའི་ཅ་དངོས་ཚོང་ལས་རང་བཞིན་གྱི་སྒོ་ནས་ལས་སྣོན་དང་ཕྱིར་ཚོང་གི་བྱེད་སྒོ་བརྒྱུད་རིམ་ལྡན་པའི་ངང་སྤེལ་མཚམས་འཇོག་རྒྱུའི་སྐོར་གྱི་བརྡ་ཐོ་》ཡོངས་བསྒྲགས་བྱས་ནས་2017ལོའི་ཟླ་12ཚེས་31ཉིན་གོང་བ་སོ་དང་དེ་བཞིན་དེའི་ཅ་དངོས་ཚོང་ལས་རང་བཞིན་གྱི་སྒོ་ནས་ལས་སྣོན་དང་ཕྱིར་ཚོང་གི་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་མཚམས་འཇོག་དགོས་པའི་བླང་བྱ་བཏོན་ཡོད། གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། བ་སོ་ལས་སྣོན་དང་ཕྱིར་ཚོང་བརྒྱུད་རིམ་ལྡན་པའི་སྒོ་ནས་མཚམས་འཇོག་བྱེད་པ་དང་ཆབས་ཅིག་ལྐོག་ཚོང་རྒྱག་མཁན་གྱི་བ་སོའི་དགོས་མཁོ་སྔར་བཞིན་ཆེ་རུ་ཕྱིན་ནས་བ་སོའི་རིན་གོང་སླར་ཡང་འཕར་རྒྱུར་སྐུལ་མ་ཐེབས་ཡོད་པ་རེད།
          པེ་ཅིང་འགག་སྒོ་ལྐོག་འདྲེན་འཛིན་བཟུང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར། ཞིབ་བཤེར་ཐུབ་པའི་གྱོད་གཞི་13ནང་གི་ཉེས་གསོག་དོགས་ཅན་མང་ཆེ་བ་རང་རྒྱལ་ནས་གླིང་ཆེན་ཨ་ཧྥེ་རི་ཁར་སྐྱོད་པའི་ལས་མི་ཡིན་ཞིང་། ཁོང་ཚོ་གླིང་ཆེན་ཨ་ཧྥེ་རི་ཁར་ལས་ཀ་བྱེད་རིང་ཨ་ཧྥེ་རི་ཁའི་བ་སོའི་རིན་གོང་བལྟོས་བཅས་ཀྱིས་དམའ་ཙམ་ཡིན་པ་མ་ཟད་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་བ་སོར་དོ་དམ་བྱེད་ཚད་ལྷུག་ཙམ་ཡིན་ལ་བ་སོ་རག་པའི་ཐབས་ལམ་ཡང་རྒྱ་ཆེན་པོ་ཡོད་པ་ཤེས། ཁེ་ཕན་གྱི་སྐུལ་ཁྲིད་འོག་ཉེས་གསོག་དོགས་ཅན་གྱིས་ཉེན་ཁར་མི་འཛེམ་པར་ཅ་དངོས་ཀྱི་གསེང་དུ་སྦས་པ་དང་རྫུས་ཐབས་སྤྱད་དེ་བ་སོ་དང་དེ་བཞིན་དེའི་ཅ་དངོས་ལྐོག་ཚོང་བརྒྱབ་ནས་རྒྱལ་མཚམས་ནང་བཏང་སྟེ་ཁེ་སྤོགས་ཆེན་པོ་རག་ཐབས་བྱེད་ཀྱི་ཡོད།
          ཉེ་ཆར་ཡང་ནས་ཡང་དུ་ཐོན་པའོ་བ་སོའི་ལྐོག་ཚོང་གྱོད་གཞིར་གཞིགས་ནས་པེ་ཅིང་འགག་སྒོ་ལྐོག་འདྲེན་འཛིན་བཟུང་ཅུས་ཀྱིས་ཨ་ཧྥེ་རི་ཁར་ལས་ཀ་དང་སློབ་སྦྱོང་བྱེད་པར་སྐྱོད་མཁན་དང་དེ་བཞིན་ཡུལ་སྐོར་བར་བ་སོ་དང་དེ་བཞིན་དེའི་བཟོས་རྫས་དེ་《སྟོངས་ཉེར་ཡོད་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རི་སྐྱེས་རྩི་ཤིང་རིགས་ཀྱི་རྒྱལ་སྤྱིའི་ཉོ་ཚོང་སྤྱི་ཆིངས་》ཀྱི་ཞར་བྱུང་དང་པོའི་སྲུང་སྐྱོང་དངོས་རིགས་ཀྱི་ཁོངས་སུ་གཏོགས་པས་སྤྱི་ཆིངས་དང་དེ་བཞིན་རང་རྒྱལ་གྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རི་སྐྱེས་རྩི་ཤིང་གི་སྲུང་སྐྱོང་བཅའ་ཁྲིམས་སོགས་གཏན་འབེབས་གཞིར་བཟུང་གོང་གསལ་གྱི་སྤྱི་ཆིངས་ཀྱིས་མིང་ཐོ་འགོད་རྒྱུར་སྒྲིག་འཛུགས་བྱས་པའི་འབྲེལ་ཡོད་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་ངོ་སྤྲོད་ཡི་གེ་ཕུད་ཉོ་ཚོང་བྱེད་ཐབས་གང་རུང་ཞིག་གམ་ཡང་ན་བ་སོ་དང་དེ་བཞིན་དེའི་ཅ་དངོས་ས་མཚམས་ནང་འཁྱེར་བ་དང་སྦྲག་བསྐུར་བྱེད་པའི་བྱ་སྤྱོད་ཚང་མ་བཀག་འགོག་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།