འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་འཐུས་ཚབ་ཚོགས་པ་དང་ཡུག་རེན་གྱི་མཁས་དབང་
    ཚོས་གྲལ་སྒོར་གྲོས་ཚོགས་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་25ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་22ཉིན། ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པ་ཡུག་རེན་གྱི་རྒྱལ་ས་ཁེ་ཝི་གྲོང་ཁྱེར་དུ་ཡུག་རེན་གྱི་མཁས་དབང་ཚོ་དང་བརྗོད་གཞིར"དེང་དུས་ཀྱི་འཛམ་གླིང་དང་ཡུག་རེན་གྱི་ནང་བསྟན་གྱི་འཕེལ་ཕྱོགས་གསར་པ"ཞེས་པའི་གྲལ་སྒོར་གྲོས་ཚོགས་འཚོགས་ནས་རྒྱལ་ཁབ་གཉིས་ཀྱི་ནང་བསྟན་འཕེལ་རྒྱས་དང་ཆོས་ལུགས་སྲིད་ཇུས་སོགས་ཀྱི་ཐད་ནས་སྤེལ་རེས་བྱས་པ་རེད།
         ཉིན་དེའི་གྲོས་ཚོགས་ནི་ཡུག་རེན་རྒྱལ་ཁབ་ཀྱི་ཚན་རིག་ཁང་གི་མཚན་ཉིད་རིག་པའི་ཞིབ་འཇུག་ཁང་དུ་འཚོགས་ཤིང་། ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པ་དང་ཀྲུང་ཡུག་ཆོས་ལུགས་ལས་རིགས་དང་སློབ་གསོའི་ལས་རིགས་ཀྱི་འཐུས་ཚབ་མི་སྣ་30ཙམ་གྲོས་ཚོགས་ལ་ཞུགས་པ་རེད། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་རྒྱ་མཚོ་གླིང་དགོན་པའི་སྤྲུལ་སྐུ་ཐུབ་བསྟན་གྲགས་པས་གྲོས་ཚོགས་ཐོག་ཁོང་རང་ཉིད་སྤྲུལ་སྐུར་ངོས་འཛིན་དང་ནང་ཆོས་སློབ་སྦྱོང་བྱས་པའི་བརྒྱུད་རིམ་ངོ་སྤྲོད་བྱས་པ་དང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལས་རོགས་ཞིབ་འཇུག་པ་ལི་ཅན་གྱིས་ཐང་གའི་སྐོར་གྱི་ཞིབ་འཇུག་བྱས་འབྲས་གསར་ཤོས་ངོ་སྤྲོད་བྱས་པ་རེད། ཁོང་རྣམ་པའི་གཏམ་བཤད་ལ་ཡུག་རེན་ཕྱོགས་ཀྱི་མཁས་པ་ཚོས་དགའ་སྣང་ཧ་ཅང་ཆེན་པོ་བྱས་པ་རེད།
         ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་འཐུས་ཚབ་ཚོགས་པའི་ཚོགས་གཙོ་དང་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་དགྲ་འདུལ་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་"འཛམ་གླིང་ཐོག་གི་རྒྱལ་ཁབ་མང་པོས་བོད་བརྒྱུད་ནང་བསྟན་ལ་དགའ་སྣང་བྱེད་ཀྱི་ཡོད་མོད། འོན་ཀྱང་ཆོས་ལུགས་རིག་གནས་འདིའི་འབྱུང་ཁུངས་རྒྱུས་ལོན་མེད་པའམ་གོ་ལོག་ཐེབས་པ་རེད། ང་ཚོས་ཐེངས་འདིར་སྤྲུལ་སྐུ་དང་མཁས་དབང་ལས་གྲུབ་པའི་འཐུས་ཚབ་ཚོགས་པ་ཡུག་རེན་དུ་སྤེལ་རེས་བྱེད་པར་ཡོང་བ་ནི་ཡུག་རེན་སྤྱི་ཚོགས་ཀྱི་ལས་རིགས་ཁག་གིས་བོད་བརྒྱུད་ནང་བསྟན་གྱི་ཁྱད་ཆོས་དངོས་རྒྱུས་ལོན་བྱ་རྒྱུར་སྐུལ་སྤེལ་གཏོང་བའི་ཆེད་དུ་ཡིན"ཞེས་བརྗོད་པ་རེད།
         ཡུག་རེན་ཆོས་ལུགས་ཞིབ་འཇུག་མཐུན་ཚོགས་ཀྱི་ཚོགས་གཙོ་ཁོ་ལུའོ་ཏེ་ནེ་(科洛德内)ཡིས་གྲོས་ཚོགས་ཐོག་ནང་བསྟན་ལ་ཞིབ་འཇུག་བྱས་པ་དེས་ཡུག་རེན་གྱི་ཆོས་ལུགས་འཕེལ་རྒྱས་འགྲོ་བར་དགེ་མཚན་ལྡན་པའི་ཕན་ནུས་ཐོན་ངེས་ཡིན་པར་ཡིད་ཆེས་ཡོད་ལ། ནང་བསྟན་ཆོས་ལུགས་ཀྱིས་གུ་ཡངས་དང་བྱམས་སྙིང་རྗེ་ནི་མི་སུ་ཞིག་དང་ཆོས་ལུགས་གང་ཞིག་གི་དད་ལྡན་པ་ཚང་མར་སྤྱད་འཐུས་ཞེས་བསྟན་པ་རེད།
         ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་འཐུས་ཚབ་ཚོགས་པ་ནི་ཚེས་20ཉིན་ཡུག་རེན་དུ་འབྱོར་ཞིང་དུས་ཡུན་ཉིན་4རིང་གི་འཚམས་འདྲི་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།