འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་ཀྱིས་ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཁྲོམ་རའི་ཁོར་ཡུག་བཅོས་སྒྲིག་
    བྱེད་འགོ་ཚུགས་པ།

    གཅིག་སྡུད་བཅོས་སྒྲིག་ལོ་གཅིག་རྒྱུན་མཐུད་དེ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་10ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱུང་བར། ཟླ་5ཚེས་1ཉིན་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱི་ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཁྲོམ་རའི་ཁོར་ཡུག་བཅོས་སྒྲིག་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་དང་། བོད་རང་སྐྱོང་ལྗོངས་དང་། གྲོང་ཁྱེར་དང་ས་ཁུལ། རྫོང་(ཆུས)བཅས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་འགོ་ཁྲིད་ཚོགས་ཆུང་དང་ཆེད་དོན་ཚན་ཁག་བཙུགས་ཏེ་བཅོས་སྒྲིག་ལས་དོན་ལ་བཀོད་སྒྲིག་དང་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་ཞིང་། ད་རེས་ཀྱི་གཅིག་སྡུད་བཅོས་སྒྲིག་ལོ་གཅིག་རྒྱུན་མཐུད་དེ་བྱ་རྒྱུ་ཡིན་པ་རེད། འདི་ནི་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་འཛུགས་སྐྲུན་ཁྱབ་ཁོངས་ཁྲོམ་རའི་ཁོར་ཡུག་གི་ད་ལྟའི་གནས་ཚུལ་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་པའི་རྨང་གཞིའི་ཐོག་མིག་སྔའི་འཛུགས་སྐྲུན་ཁྱབ་ཁོངས་ཁྲོམ་རའི་ཁོར་ཡུག་ཁྲོད་གནས་པའི་ཟང་ཟིང་རྣམ་པར་དམིགས་ཏེ་སྤེལ་བའི་གལ་འགངས་ཧ་ཅང་ཆེ་ལ་དགོས་གལ་ཤིན་ཏུ་ཆེ་བའི་གཅིག་སྡུད་བཅོས་སྒྲིག་ལས་དོན་ཞིག་རེད།
          ད་ཐེངས་ཀྱི་གཅིག་སྡུད་བཅོས་སྒྲིག་ལས་དོན་ཁྱབ་རྒྱ་ཆེ་བ་དང་སྡེ་ཚན་མང་བས། ལས་དོན་བདེ་བླག་ངང་སྤེལ་ཆེད། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ལྗོངས་ཁྲིམས་ལུགས་གཞུང་ལས་ཁང་དང་། འཕེལ་སྒྱུར་ཨུ་ལྷན། བཟོ་འཕྲིན་ཐིང་། སྤྱི་བདེ་ཐིང་། ནོར་སྲིད་ཐིང་། སྡོད་ཁང་འཛུགས་སྐྲུན་ཐིང་སོགས་སྡེ་ཚན་17དང་གྲོང་ཁྱེར་དང་ས་ཁུལ་ཁག་གི་སྲིད་གཞུང་(སྲིད་འཛིན་ཀུང་ཧྲུའུ)བཅས་ལས་གྲུབ་པའི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་རེད། འགོ་ཁྲིད་ཚོགས་ཆུང་གཤམ་འོག་གི་གཞུང་ལས་ཁང་བོད་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་དུ་བཙུགས་པ་དང་། དེས་འགོ་ཁྲིད་ཚོགས་ཆུང་གི་རྒྱུན་གཏན་ལས་ཀ་དང་བཅོས་སྒྲིག་ལས་དོན་ལ་སྤྱི་ཡོངས་ནས་སྐུལ་འདེད་གཏོང་བའི་འགན་འཁུར་རྒྱུ་ཡིན་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གཅིག་སྡུད་བཅོས་སྒྲིག་ལས་དོན་ནང་འཆར་འགོད་ལག་བསྟར་དང་། ལས་གྲྭའི་འོས་དཔོད་འོས་སྐུལ། འཛུགས་སྐྲུན་ཁྲོམ་རའི་ཁྲིམས་འགལ་སྒྲིག་འགལ་བྱེད་སྤྱོད། ལས་གྲྭའི་སྤུས་ཚད་དང་བདེ་འཇགས་ལྟ་འདོམས་སོགས་ལྷུ་ཚིགས་ལ་གཙོ་གནད་ཐོག་དམིགས་ཏེ་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་བྱེད་པའི་ཁྲོད་འགལ་རྐྱེན་སྣ་ཚོགས་བཟོ་བ་དང་། འཕྲུལ་ཆས་གང་བྱུང་བགོ་འགྲེམས་རྒྱག་པ། ས་ཆ་དང་རྒྱུ་ཆ་བཙན་ཤེད་ཀྱིས་འཚོང་བ་དང་ཉོ་བ། རིན་གོང་ཧམ་ལེན་བྱེད་པ། ལས་གྲྭར་འགོག་རྐྱེན་བཟོ་བ་སོགས་བརྙས་བཅོས་དང་ཧམ་བཟུང་གི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་བ་དང་། ཁྲིམས་འགལ་ངང་འཆར་འགོད་བྱེད་པ་དང་། ཁྲིམས་འགལ་ངང་འགན་གཙང་སྤྲོད་པ་དང་། འགན་གཙང་ནང་བཤུག་གཏོང་བ། འགན་གཙང་བགོ་བཤའ་རྒྱག་པ། ཐོབ་ཐང་གཡར་བ་དང་མིང་གཡར་བ། ལྐོག་མཐུན་འོས་དཔོད་བྱེད་པ། རིམ་བརྒལ་རྩད་ཞིབ་འཆར་འགོད་བྱེད་པ། ལག་ཁྱེར་མེད་པར་ཨར་སྐྲུན་ལྟ་སྐུལ་བྱེད་པ། ཞིབ་དཔྱད་སྙན་ཞུ་རྫུས་མ་བཟོ་བ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་བྱ་ཐབས་ནན་པོ་སྤྱད་དེ་བཅོས་སྒྲིག་བྱ་རྒྱུ། རང་དགར་ཚད་གཞི་དམར་རུ་བཏང་ནས་འཆར་འགོད་སྒྱུར་བ་དང་། འཆར་གཞི་ལྟར་འཛུགས་སྐྲུན་མི་བྱེད་པ། རྒྱུ་འཕྲི་སླ་བཅོས། སྤུས་ཞན་སྤུས་ལེགས་སུ་རྫུས་པ་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་སྣ་ཚོགས་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་པ་བཅས་རེད། གཅིག་སྡུད་བཅོས་སྒྲིག་བྱས་པ་བརྒྱུད་ཁྲོམ་རའི་བྱེད་སྤྱོད་དེ་བས་ཚད་ལྡན་དུ་གཏོང་བ་དང་། ལས་གྲྭའི་སྤུས་ཚད་དང་ཨར་སྐྲུན་བདེ་འཇགས་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་བ། ཁྲོམ་རའི་ཆོག་འཐུས་དང་གཙང་བཤེར་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ་བཅས་ལ་སྐུལ་འདེད་བཏང་བས་ཁྲོམ་རའི་ཕྱོགས་ཁག་གི་བྱེད་པོས་ཁྲིམས་ལྟར་འཛུགས་སྐྲུན་དང་དྲང་བདེན་གཉེར་སྐྱོང་གི་འདུ་ཤེས་ཕྱོགས་ཡོངས་ནས་ཟབ་ཏུ་འགྲོ་བ་དང་། ཡོངས་བསྒྲགས་འདྲ་མཉམ་དང་། འགྲན་རྩོད་གོ་རིམ་ལྡན་པ། དྲང་གཞག་ཡིད་རྟོན་བཅས་ཀྱི་འཛུགས་སྐྲུན་ཁྲོམ་རའི་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་འགྲོ་རྒྱུ་རེད།
           མིག་སྔར། རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས་སྤྱི་ཡོངས་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། བྱ་སྤྱོད་ཧུར་ཐག་སྤེལ་བ་དང་ཇུས་ཤུགས་མཉམ་འདོན་གྱིས་ལས་དོན་ཁག་ལ་སྐུལ་འདེད་བརྟན་པོ་བཏང་ནས་བཅོས་སྒྲིག་ལས་དོན་ལ་ཕན་འབྲས་དངོས་ཐོན་རྒྱུར་རྨང་གཞི་བཟང་པོ་ཞིག་བཏིང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།